ནད་ཀུན་ཞི་བྱེད་སྒྲུབ་ཐབས།


TNT15_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཆ་མེད་ཀུན་འགྲོ་ཆོས་ཀྱི་དབྱིངས། །བདེ་སྟོང་ཟུང་འཇུག་ལྷན་སྐྱེས་སྐུ། །དུས་ཀྱི་འཁོར་ལོ་ལ་བཏུད་ནས། །ནད་ཀུན་ཞི་བྱེད་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་རྣམས་སྔོན་དུ་སོང་ནས། ཤཱུ་ནྱ་ཏཱའི་སྔགས་དོན་བསམ།


TNT15_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་གར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཕྲཻཾ་དཀར་པོའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ཟླ་བ་ནོར་བུའི་འོད་ལྟར་སྐུ་མདོག་དཀར་བ་ཞི་ཞིང་སྒེག་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་མཆོག་སྦྱིན་དང༌། གཡོན་པདྨ་དཀར་པོའི་རྩ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། འདབ་བརྒྱ་སྙན་དྲུང་དུ་རྒྱས་པ། རིན་པོ་ཆེའི་རྒྱན་དང༌། དར་གྱི་ན་བཟའ་དཀར་པོས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཟླ་འོད་འཕྲོ་བ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ནོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾཾ། ལྟེ་བར་ཧོཿ སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཡེ་ཤེས་སེམས་དཔའི་ཚུལ་དུ་ཨོཾ་བཛྲ་ས་མཱ་ཛཿ ཧཱུཾ་བཾ་ཧོ་ཧི། གཉིས་སུ་མེད་པར་གྱུར། མདོར་བསྡུ་ན། རྡོ་རྗེ་བཞི་བྱིན་གྱིས་རླབས་པ་དང༌། ཡེ་ཤེས་བསྟིམ་པ་མེད་ཀྱང་ཆོག་གོ །སྙིང་གར་ཟླ་བ་ལ་ཕྲཻཾ་གྱི་མཐར་སྔགས་ཀྱིས་འཕྲེང་བས་བསྐོར་བ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྣ་ཚོགས་ཡུམ་གྱི་རྣམ་པར་སྤྱན་དྲངས་ནས་སྙིང་གའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ། རང་གཞན་གྱི་ནད་གདོན་སྡུག་བསྔལ་ཐམས་ཅད་ཞི་ཞིང༌། ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར། ཨོཾ་ཕྲཻཾ་བི་ཤྭ་མཱ་ཏཿ བཛྲ་ཀཎྜ་ཀཾ ནཱ་ཤ་ཡ། ནཱ་ཤ་ཡ། མ་མ་སཱནྟིཾ་ཀུ་རུ་ཀུ་རུ་སྭཱཧཱ།


TNT15_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ནུས་སུ་བཟླས་པའི་མཐར། ཨོཾ་ཕྲཻཾ་བི་ཤྭ་མཱ་ཏཱ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ཤཔྟའི་བར་སྤྱི་དང་མཐུན་པར་མཆོད་པའམ། ཡང་ན་མཆོད་པ་བཅུ་གཉིས་བྱ། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཞེས་སོགས་སམ། སངས་རྒྱས་ཀུན་གྱིས་བསྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཞེས་བསྟོད། དགེ་བ་བྱང་ཆུབ་ཏུ་བསྔོ། འདིའི་རྗེས་གནང་ནི། མཎྜལ་པདྨ་དཀར་པོ་འདབ་བརྒྱད་ཚོམ་བུ་ཅན་ཞིག་བྱས་ལ། མཐའ་མཆོད་གཏོར་གྱིས་བསྐོར། སྒྲུབ་ཚུལ་སྤྱི་དང་འདྲ། གཏོར་མ་འབུལ་བ་གཅིག་དུ་དགོས་པ་མ་ཡིན་ཀྱང༌། ཕྱིས་ཀྱི་ལག་ལེན་ལྟར་བྱེད་ན། དུས་འཁོར་ཉིད་ཀྱི་གཏོར་ཆོག་ལྟར་བྱིན་གྱིས་བརླབས་པའམ། ཨོཾ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧོཿས་བྱིན་གྱིས་བརླབས། སྙིང་པོ་མཐར། ཨ་ཀཱ་རོ་བཏགས་ཏེ་འབུལ་བར་བྱའོ། །རྗེས་གནང་གི་ངོ་བོ་ཡང༌། སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང༌། ཐུགས་ཕྱག་མཚན་བསྟིམ་པ་རྣམས་ཡིན་པས་སྤྱི་དང་འདྲ་ལ། སྔོན་འགྲོ་རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བཏབ་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱེད་པའི་ལུགས་ཀྱང་ཡོད་མོད་ཀྱི། རྡོ་རྗེ་ཤུགས་ཀྱི་རྗེས་གནང་གི་སྐབས་དང་མཐུན་པར་བྱས་ན་ལེགས་པ་ཡིན་ཏེ། དུས་འཁོར་ལྷན་སྐྱེས་དང༌། ཛཾ་བྷ་ལ་ལྗང་ཁུ་དང༌། དུས་འཁོར་རྒྱུད་ལུགས་ཀྱི་ཁྱུང་ཁྲ་རྣམས་ལའང་དེ་བཞིན་དུ་གོ་དགོས་སོ། །ཤིན་ཏུ་ཟབ་པར་རབ་གྲགས་པ། །རྒྱུད་འགྲེལ་ཉིད་ལས་གསལ་བའི་ཕྱིར། །མཁས་པ་ཀུན༵་གྱི་ཡིད་དག༵འི་གནས། །སྙིང༵་པོ༵་མདོར་བསྡུས་ཙམ་ཞིག་བྲིས། །སྣ་ཚོགས་ཡུམ་དཀར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །