གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས།


TNT15_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དེ་བཞིན་གཤེགས་པའི་གཙུག་ཏོར་ལས། །རབ་སྤྲུལ་ཕྱིར་བཟློག་ཆེན་མོའི་སྐུ། །གཞན་གྱིས་མི་ཐུབ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭཱ་བྷ་ཝས་སྟོང་པར་སྦྱངས།


TNT15_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཉི་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གྱུར་བའི་དབུས་སུ། བགེགས་དང་ལོག་འདྲེན་ཐམས་ཅད་འོག་ཏུ་མནན་པའི་པད་ཉིའི་གདན་ལ་རང་སེམས་གདུགས་དཀར་པོ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་ནས་གདུགས་དཀར་ཅན་གྱི་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མ་གཞན་གྱིས་མི་ཐུབ་མ་སྐུ་མདོག་དཀར་མོ། དབུའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་བཅས་པ། དབུས་དཀར་གཡས་སྔོ་གཡོན་དམར་བའི་ཞལ་གསུམ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གསུམ་ན་རྡོ་རྗེ་མདའ་ལྕགས་ཀྱུ། གཡོན་གསུམ་ན་སྡིགས་མཛུབ་ཞགས་པ་གཞུ། ལྷག་མ་ཉམས་སྣ་ཚོགས་ཅན་གྱི་དབུ་སྟོང་མངའ་བ། ཕྱག་རྒྱ་མ་ངེས་པ་སྣ་ཚོགས་པས་རྡོ་རྗེ་འཁོར་ལོ་ནོར་བུ་པདྨ་རལ་གྲི་མདའ་ལྕགས་ཀྱུ་གཞུ་ཐོ་བ་ཞགས་པ་ལ་སོགས་པ་མཚོན་ཆ་སྣ་ཚོགས་པ་འཛིན་པའི་ཕྱག་སྟོང་དང༌། སྐུ་ལུས་ཀྱི་ཆ་ཐམས་ཅད་དུ་ཁྱབ་པ། རྣམ་འགྱུར་མ་ངེས་པའི་སྤྱན་བྱེ་བ་བརྒྱ་སྟོང་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཕོ་ཉ་དང་ཕོ་ཉ་མོ་དང་མཆོད་པའི་སྤྲིན་གྱི་འོད་ཟེར་འཕྲོ་བ། སངས་རྒྱས་ཀུན་གྱིས་དབང་བསྐུར་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིམ་གྲོ་བྱེད་པ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་ལ་བཀའ་སྒྲུབ་པའི་སྐུ་ཅན་དུ་གྱུར།


TNT15_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་དུ་ན་རྩ་བའི་ཞལ་གསུམ་ཕྱག་དྲུག་ཙམ་དུ་གསལ་བཏབ་ཀྱང་རུང༌། ཤིན་ཏུ་བསྡུ་ན་སྐྱབས་སྦྱིན་དང་གདུགས་དཀར་པོ་ཅན་བསྒོམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་དང་དབང་གི་ལྷ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུཾ་བཾ་ཧོཿ དམ་ཡེ་གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། ཁ་ས་མེ། ཁ་ས་མེ། བཻ་ར། བཻ་ར། སོ་མེ། སོ་མེ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། ཞེས་སྙིང་པོ་ཉིད་གང་འགྲུབ་བཟླའོ། །མཐར་ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨརྒྷཾ་ལ་སོགས་པས་མཆོད། ཕྱིར་བཟློག་ཆེན་མོ་རིགས་སྔགས་རྒྱལ། །གཞན་གྱིས་མི་ཐུབ་སྟོབས་ཆེན་མ། །གདུགས་དཀར་ཆེན་མོ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཚོགས་བཅས་བསྟོད། །ཅེས་བསྟོད་བཟོད་པ་གསོལ་ཞིང་བཛྲ་མུཿ ཞེས་གཤེགས་སུ་གསོལ། འདི་ལ་འཇིག་རྟེན་འདས་པའི་གཏོར་མ་ནི་མི་དགོས་སོ། །བྱེད་པར་སྤྲོ་ན། དཀར་གཏོར་ཨ་ཀཱ་རོས་འབུལ། འཇིག་རྟེན་པའི་གཏོར་མ་གཙང་མའི་ཟས་སྣ་སྣ་ཚོགས་བཏབ་པའི་དཀར་གཏོར་ཞིག་དང༌། ཤ་ཆང་སྒོག་ཙོང་སོགས་སྣ་ཚོགས་ཀྱི་སྦགས་པའི་དམར་གཏོར་ཞིག་བཤམས། སྔགས་དྲུག ཕྱག་རྒྱ་དྲུག་གིས་


TNT15_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས། ཨ་ཀཱ་རོ་ལན་བདུན་བདུན་གྱིས་གཙང་རིགས་རྣམས་དང༌། འབྱུང་པོ་རྣམས་ལ་སྦྱིན། དེ་ནས་ཆ་གསུམ་གཏོར་མའང་གཏོང་ངོ༌། །ཐུན་མཚམས་སུ་བྲིས་སྐུའི་མདུན་དུ་གཟུངས་མདོ་ཅི་ནུས་སུ་འདོན་པའམ་ཀློག་གོ །འདིའི་རྗེས་གནང་ནི། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་གི་ཆོ་ག་ཉིད་སྦྱར་བར་བྱའོ། །རིགས་སྔགས་ཀུན༵་ལས་ཕྱིར་བཟློག་པ། །ཕུན་ཚོགས་ཀུན་གྱི་དག༵འ་བསྐྱེད་འདི། །གདུགས་དཀར་སྒྲུབ་ཐབས་རྒྱ་མཚོ་ཡི། །སྙིང༵་པོ༵ར་མཁས་རྣམས་ངེས་ཤེས་བསྐྱེད། །གཙུག་ཏོར་གདུགས་དཀར་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །