རི་ཁྲོད་མ་ལོ་མ་གྱོན་མ་སེར་མོའི་སྒྲུབ་ཐབས།


TNT15_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་རུ། བགེགས་དང་བར་ཆད་ཀུན་འཇོམས་པའི། །ལྷ་མོ་དེ་ལ་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་མི་འདྲ་བའི། ཁྱད་པར་ཅུང་ཟད་བཤད་པར་བྱ། །རི་ཁྲོད་མ་ལོ་མ་གྱོན་མ་སེར་མོའི་སྒྲུབ་ཐབས་ལེགས་པར་ཤེས་པར་བྱས་ལ། ལྷག་མ་རིགས་བཞི་པོ་རྣམས་ལ་འདོར་ལེན་ཅུང་ཟད་ཙམ་གྱིས་འགྲུབ་པར་འགྱུར་བས་སོ་སོར་བཤད་པར་བྱ་སྟེ། དེའི་ཡང་དམར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ལ། སྔོན་འགྲོ་ཚོགས་བསག་གི་སྐབས་བླ་མ་མི་བསྐྱོད་པའི་རྣམ་པ་ཅན་གྱིས་དབུ་བརྒྱན་པ་ཞེས་པའི་དོད་དུ། བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་གྱིས་དབུ་བརྒྱན་ཞེས་འདོན་པ་སྤོ། བསྐྱེད་ཆོག་གི་སྐབས་རང་སེམས་པཾ་སེར་པོའི་དོད་པཾ་དམར་པོ། ཞལ་ཕྱག་གི་སྐབས། རང་ཉིད་རི་ཁྲོད་མ་ལོ་མ་གྱོན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བགེགས་ཚོགས་ལ་བསྣུན་ཞིང༌། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། གནོད་བྱེད་ཐམས་ཅད་ལ་གཟིར་བ། དམར་ལ་ཟླུམ་པོའི་སྤྱན་གསུམ་དང་ལྡན་ཞིང༌། མཆེ་བ་གཙིགས་པ། སྐུ་ཐུང་སྦོམ་ལ་དབུ་སྐྲ་གྱེན་དུ་བརྫེས་པ། སྟག་ལྤགས་དང་རིན་པོ་ཆེ་དང༌། རུས་པ་དང༌། སྦྲུལ་གྱིས་བརྒྱན་པ། གཡོན་


TNT15_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་དང༌། རིགས་བདག་གི་སྐབས། འོད་དཔག་མེད་ཀྱིས་དབུ་བརྒྱན། ཞེས་འདོན་པ་སྤོ་བ་རྣམས་ཁྱད་པར་རོ། །དེ་བཞིན་དུ་སྔོན་མོ་ལ་བླ་མ་དོན་ཡོད་གྲུབ་པའི་རྣམ་པ་ཅན་གྱི་ཞེས་དང༌། པཾ་སྔོན་པོ་ལས་ཞེས་དང༌། རང་ཉིད་རི་ཁྲོད་མ་ལོ་མ་གྱོན་མ་སྐུ་མདོག་ནམ་མཁའ་ལྟར་སྔོ་སངས་ཞལ་གཅིག་ཕྱག་བཞི། གཡས་ཀྱི་དང་པོས་ལྷའི་ཤིང་གི་ཡལ་ག་འབྲས་བུ་དང་བཅས་པ་འཛིན་པས་ནད་ཞི་བར་མཛད་པ། གཉིས་པས་དགྲ་སྟ་འཛིན་པས་གདུག་པ་ཅན་ལ་བརྡེག་པ། གཡོན་གྱི་དང་པོ་ཞགས་པས་བགེགས་རྣམས་འཆིང་བ། གཉིས་པས་རྔ་ཡབ་ནོར་བུའི་ཡུ་བ་ཅན་འཛིན་པས་ནད་སེལ་བར་མཛད་པ། སྒེག་ཅིང་ཁྲོ་ལ་རིན་པོ་ཆེ་དང་རུས་པ་དང་སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། ཤིང་ལོའི་སྟོད་གཡོགས་ཅན། ཉི་མའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཉི་མའི་འོད་ཀྱི་རྒྱབ་ཡོལ་ཅན། ཞེས་པ་དང༌། དོན་ཡོད་གྲུབ་པས་དབུ་བརྒྱན་ཞེས་པ་རྣམས་ཁྱད་པར་རོ། །རི་ཁྲོད་དྲག་མོ་ཀངྐ་ལ་ཆིབས་པའི་སྒྲུབས་ཐབས་ལ་སྔོན་འགྲོ་ཚོགས་བསག་མི་དགོས། སྐྱབས་སེམས་སྔོན་དུ་འགྲོ་བས། པད་ཉིའི་གདན་ལ་པཾ་ནག་པོ་ལས་རི་ཁྲོད་མ་ལོ་མ་གྱོན་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དབུ་སྐྲ་གྱེན་བརྫཻས་ཆེར་ཁྲོས་པའི་ཉམས་ཅན། སྟག་ལྤགས་དང་།


TNT15_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ན་གཅོད་པའི་དགྲ་སྟ་དང༌། གཡོན་ཤིང་ལོ་གསར་པའི་སྦྲང་ཡབ་འཛིན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་འདབ་ཆགས་ཀངྐའི་སྟེང་ན་བཞུགས་པའོ། །ཡན་ལག་ལྷག་མ་སེར་མོའི་སྐབས་དང་འདྲ་བ་ལས། རྣམ་སྣང་གིས་དབུ་རྒྱན་ཅན་ནོ། །སྔགས་ནི། ཨོཾ་པི་ཤ་ཙཱི་པརྞ་ཤ་ཝ་རཱི་སརྦ་རོ་ག་ཚེ་ད་ནི་ཧཱུཾ་ཕཊ། ཅེས་པ་རྣམས་ཁྱད་པར་རོ། །འདི་ཉིད་སྐུ་མདོག་དཀར་མོ་ཅུང་ཟད་ཞི་བའི་ཉམས་ཅན་དུ་བྱེད་པའང་ཡོད་དོ། ལྗང་ཁུའི་སྒྲུབ་ཐབས་ནི། བཤད་མ་ཐག་པ་འདི་ཉིད་ལས་ས་བོན་པཾ་ལྗང་ཁུ། རང་ཉིད་རི་ཁྲོད་མ་སྐུ་མདོག་ལྗང་ཁུ་ཞི་བའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་གཡས་རྨ་བྱའི་སྒྲོ་ཡབ་དང༌། གཡོན་སྨན་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ། སྐྱིལ་ཀྲུང་ཕྱེད་པའི་རོལ་པས་རྨ་བྱའི་གདན་ལ་བཞུགས་པའོ། །ཞེས་པ་དང༌། རིན་ཆེན་འབྱུང་ལྡན་གྱིས་དབུ་རྒྱན་ཞེས་པ་དང༌། ཨོཾ་པི་ཤ་ཙཱི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་སཱནྟིཾ་རུ་སྭཱཧཱ། ཞེས་བཟླ་བ་རྣམས་ཁྱད་པར་རོ། །ལྷག་མ་སྒྲུབ་ཐབས་དང་རྗེས་གནང་གི་བྱ་བ་ཐམས་ཅད་སེར་མོའི་སྐབས་ཇི་ལྟ་བ་བཞིན་ནོ། །ཀུན༵་ནས་མོས་པ་ཐ་དད་རྣམས། །དགའ་ཞིང་གུས་པའི་རྣམ་ཆ་ནི། །སྣ་ཚོགས་འདི་ཡང་ངོ་མཚར་རྨད། །འདོར་ལེན་བྱེད་ཚུལ་སྙིང༵་པོ་ཙམ། །རི་ཁྲོད་མ་རིགས་བཞིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །