ཁྲག་འཐུང་མཁའ་ལྡིང་སྒྲུབ་ཐབས།


TNT15_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཧེ་རུ་ཀ་ལ་བཏུད་བྱས་ནས། །མངོན་བརྗོད་རྒྱུད་རྒྱལ་ལས་གསུངས་པ། །མན་ངག་ཁ་བསྒྱུར་དང་བཅས་པའི། ཁྲག་འཐུང་མཁའ་ལྡིང་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་རྒྱ་མཚོའི་དབུས་སུ་པཾ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རཾ་ལས་ཉི་མ། དེར་རང་སེམས་ཧཱུཾ་ལས་རྡོ་རྗེ་འབར་བ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག་རྩ་ཞལ་གནག་པ། གཡས་ཞལ་དུད་ཁ་དང་དམར་པོ། གཡོན་ཞལ་ལྗང་ཁུ་དང་དུད་ཁ། སྟེང་ཞལ་


TNT15_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་གི་གདོང་དམར་པོ། ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་ཅན་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གྲི་གུག་དང༌། ཚངས་པའི་མགོ་བོ་བསྣམས་པ། གཡས་གསུམ་པ་མཐའ་ཡས་དཀྲིས་པ་རྡོ་རྗེ་འབར་བ་གསོར་བ། བཞི་པ་པདྨ་དཀྲིས་པའི་ལྕགས་ཀྱུ། ལྔ་པ་མ་དྲོས་པ་དཀྲིས་པའི་ཌ་མ་རུ། གཡོན་གསུམ་པ་ནོར་རྒྱས་ཞགས་པའི་ཚུལ་དུ་འཛིན་པས་སྡིགས་མཛུབ། བཞི་པ་འཇོག་པོ་བ་དན་དུ་བཏགས་པའི་ཁ་ཊྭཱཾ་ག་དང་ཐོད་པ། ལྔ་པ་པད་ཆེན་གྱིས་དཀྲིས་པའི་མདུང༌། ཐ་མ་གཉིས་དབང་པོའི་པགས་པ་སྟོད་གཡོགས་སུ་བསྣམས་པ་ལས་གཡས་ཀྱིས་སྟོབས་རྒྱུ་དང༌། གཡོན་གྱིས་དུང་སྐྱོང་འཛིན་པའོ། །ཆུ་ལྷ་ཕོ་མོའི་སྟེང་ན་གཡས་རྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། ཁ་དོག་ལྔ་དང་ལྡན་པའི་རྡོ་རྗེའི་གཤོག་པ་བརྡེབ་པ། ཧེ་རུ་ཀའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ཤིང༌། ཡུམ་རྡོ་རྗེ་ཕག་མོ་སེར་མོ་གྲི་ཐོད་འཛིན་པས་འཁྱུད་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །སྙིང་ཁར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུཾ་ནཾ་ཧཱུཾ། སྤྱི་བོར་མཁའ་འགྲོ་མ་གསང་བར་ལཱ་མ། མགྲིན་པར་དུམ་སྐྱེས་མ། ལྟེ་བར་གཟུགས་ཅན་མ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་དཔའ་བོ་དཔའ་མོ་བཞི་བཅུ་ཞེ་བརྒྱད། ཁར་ཁྭ་གདོང་མ། སྣ་


TNT15_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བུག་གི་འདོམ་སོར་འུག་གདོང་མ། གསང་བར་ཁྱི་གདོང་མ། གཤང་སྒོར་ཕག་གདོང་མ། མིག་གཡས་སུ་གཤིན་རྗེ་བརྟན་མ། རྣ་བ་གཡས་སུ་གཤིན་རྗེ་ཕོ་ཉ་མ། རྣ་བ་གཡོན་དུ་གཤིན་རྗེ་མཆེ་བ་མ། མིག་གཡོན་དུ་གཤིན་རྗེ་འཇོམས་མ། ཐམས་ཅད་ཀྱང་ཕྱག་གཉིས་པ། དཔའ་བོ་ཐམས་ཅད་རྡོ་རྗེ་དྲིལ་བུ་འཛིན་པ། རྣལ་འབྱོར་མ་རྣམས་གྲི་གུག་དང་ཐོད་པ་བསྣམས་པ། མཁའ་ལྡིང་གི་ཞལ་དང་རྡོ་རྗེའི་གཤོག་པ་ཅན་ནོ། །དེ་ནས་གོ་ཆ་གཉིས་འགོད། གནས་གསུམ་བྱིན་རླབས། དམ་ཡེ་བསྲེ་བ། དབང་བསྐུར་རྒྱས་བཏབ་རྣམས་བྱ་སྟེ། སྡོམ་པའི་མངོན་རྟོགས་གང་ཡང་རུང་བ་ཞིག་དང་བསྟུན་ནོ། །སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་གི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམས་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་བཛྲ་ག་རུ་ཌ་ཧཱུཾ། ཌཱ་ཀི་ནཱི་ཛཱ་ལ་སམྦྷ་ར་ཧཱུཾ་ཕཊ། ཅེས་འབུམ་ཕྲག་ཉི་ཤུ་རྩ་གཉིས་སུ་བཟླའོ། །དེ་ནས་ཨོཾ་ག་རུ་ཌ་ས་མ་ཡ་ཧཱུཾ་ཛཿ ཞེས་བཏགས་པ་འབུམ་བཟླ། དེ་ནས་ཏཾ་ཀ་ར་ཀཾ་ཀ་ར། ཙྪ་ཏི། ཙྪ་ཏི། ཁྱུང་ཧུར་རྦད། ཞེས་བཏགས་པ་འབུམ་བཟླས་པས་གདོན་ཐམས་ཅད་དང༌། ཁྱད་པར་ཀླུ་ནད་ཞི་ཞིང༌། འབྱུང་པོ་ཐམས་ཅད་མངག་གཞུག་ཏུ་འགྱུར་རོ། །རང་གཞན་གྱི་ཀླུ་གདོན་དྲག་པོ་འདུལ་ན། ནཱ་ག་སྲོག་ཚིག་ནན་རྦད་མཱ་ར་ཡ་ཧཱུཾ། ཞེས་བཏགས་པ་འབུམ་ཕྲག་བཟླས་ཏེ་ལས་ལ་སྦྱར་རོ། །རྗེས་ལྷ་སྐུ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ལྷ་སྐུར་ལངས་ཏེ་གོ་ཆ་བཀོད་


TNT15_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཚམ་རྔམ་བྱས་ལ་ཐུན་མཚམས་ལ་འཇུག་གོ །གཏོར་ཆོག་ལཱུ་ཧི་པ་དང་འདྲ། སྔགས་ཀྱི་ཤམ་བུ་བཟླ་བ་ནས་བཟུང་སྟེ། བདག་བསྐྱེད་དང་གཏོར་ཆོག་གཉིས་ཀར་ལ་ཧེ་རུ་ཀ་བྱ་ཁྱུང་གི་འཁོར་གྱིས་བསྐོར་བ་བསྒོམ་པ་དང༌། གཏོར་ཆོག་གི་སྐབས། བཟླས་གཏོར་གྱི་རྗེས་ལ། ཨོཾ་མཧཱ་ག་རུ་ཌ་ཨི་དམ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པས་འབུལ། འདིའི་རྗེས་གནང་ནི། མཎྜལ་པདྨ་འདབ་བརྒྱད། དབུས་སུ་བུམ་པ་བཅའ། མཆོད་གཏོར་རྒྱ་ཆེར་བཤམས། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། བུམ་པ་བསྐྱེད་ཆོག་སྤྱི་དང་མཐུན། བུམ་པའི་ནང་དུ་བདག་བསྐྱེད་ལྟར་ལྷ་བསྐྱེད་མཆོད་པ་ཕྱི་ནང་གསང་བ་ཚང་བ་དང༌། རྐང་བརྒྱད་ཀྱིས་བསྟོད། གཏོར་མ་འབུལ། ཀླུ་གཏོར་ཡང་བཏང་ལ་བཟླས་པ་ཅི་ནུས་ཞི་བྱའོ། །སློབ་མས་མཎྜལ་ཕུལ། དོན་དམ་སྨྲ་བའི་སེང་གེ་སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས། རིགས་ལྔའི་སྡོམ་བཟུང༌། དམ་ཚིག་ཉེར་གཉིས་བཟུང་བ་རྣམས་བྱ། ལྷའི་སྐུ་ལས་བྱུང་བའི་བདུད་རྩིས་བཀྲུ་བར་བསམས་ཏེ། བུམ་ཆུ་སྤྱི་བོ་ནས་གཏོར་ཞིང་འཐུང་དུ་འཇུག །ཚད་མེད་བཞི་ནས་རིགས་བདག་རྒྱས་འདེབས་ཀྱི་བར་བདག་བསྐྱེད་བཞིན་དམིགས་པ་ཕོག །དབང་བསྐུར་གྱི་སྐབས། བུམ་ཆུས་དངོས་སུ་དབང་བསྐུར། དེ་ནས་སྔགས་ཀྱི་བཟླས་ལུང་བྱིན་ཏེ། ཤམ་བུ་རྣམས་བྱིན་


TNT15_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས། སླར་ཡང་བུམ་པའི་ཆུས་གནས་སོ་སོར་གཏོར་ལ། ལྷ་ཐམས་ཅད་ཀྱི་སྔགས་ལ་ཨ་བྷི་ཥིཉྩ་ཞེས་བཏགས་ལ་དབང་བསྐུར་རོ། །འདི་ལ་ཕྱག་མཚན་གཏོད་པ་དང༌། གཏོར་དབང་བྱེད་པ་ཞིག་ཀྱང་སྣང་སྟེ། བློས་བཏགས་ཡིན་ཡིན་འདྲ་བའི་མི་དགོས་པར་མངོན་ནོ། །རྗེས་ཀྱི་བྱ་བ་སྤྱི་དང་འདྲ། འདི་རྒྱུད་ལས་ཆར་འབེབས་ཀྱི་སྐབས་སུ། བསྙེན་པ་སོང་ན་ལས་དེ་ལ་ལྷག་པར་བསྔགས་ཤིང༌། འདི་ཉིད་ཀྱི་བཀའ་ཉན་སྲིན་མོ་རལ་གཅིག་མ་བསྒྲུབ་པར་བྱ་སྟེ། ལོགས་སུ་བསྟན་པ་ཞིག་ཡིན་ནོ། །ཀུན༵་ལས་ཁྱད་འཕགས་མཁའ་ལྡིང་གི །སྒྲུབ་ཐབས་མཆོག་ཏུ་དག༵འ་བའི་ཏོག །རྭ་ལོའི་གདམས་པར་གྲགས་པ་ཡི། །སྙིང༵་པོ༵་ཉུང་ངུ་ཙམ་ཞིག་བྲིས། །བདེ་མཆོག་རྡོ་རྗེ་མཁའ་ལྡིང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །