རྡོ་རྗེ་མཁའ་ལྡིང་གི་སྒྲུབ་ཐབས་མདོར་བསྡུས།


TNT15_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གསང་བའི་བདག་པོའི་བྱིན་བརླབས་པའི། །རྡོ་རྗེ་མཁའ་ལྡིང་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་པ། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །སྐྱབས་སེམས་ཕྱག་རྡོར་གྱི་བདག་བསྐྱེད་རྣམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སེམས་ཀྱི་སྣང་བའི་ཧཱུཾ་ཡིག་བཛྲ་བ་ཏི་ག་རུ་ཌ་ཞེས་པའི་སྒྲ་དང་བཅས་པ་ཞིག་མདུན་དུ་ཆད་པ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་འབར་བ་ཧཱུཾ་གི་མཚན་པ། དེའི་འོད་ཀྱི་འཕྲཽ་འདུ་ལས་མཁའ་ལྡིང་གི་རྒྱལ་པོར་གྱུར། རི་ཛ་པྲི་ཛ་ཧཱུཾ། བྱ་ཁྱུང་གསེར་གྱི་གཤོག་པ་དང་རྡོ་རྗེའི་མཆུ་ཅན། ལུས་རྡོ་རྗེའི་རང་བཞིན་མེ་འབར་བ། ཕྱག་གཡོན་ན་ནོར་བུ་རིན་པོ་ཆེ་དང༌། གཡས་ན་ཀླུ་མགོ་བོ་གསུམ་པ་འཛིན་པ། རིན་པོ་ཆེ་དང་མུ་ཏིག་དང་གསེར་གྱི་དབུ་རྒྱན་ཅན། སྦྲུལ་མགོ་དགུ་པས་རྒྱན་དུ་བྱས་པ། ཀླུ་བརྒྱད་ཞབས་འོག་ཏུ་མནན་པ། འཁོར་མཁའ་ལྡིང་གི་ཚོགས་ཐམས་ཅད་ཀྱིས་བསྐོར་བར་གྱུར། མཁའ་ལྡིང་གི་ཕྱག་རྒྱ་བཅས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་དུནྟི་མི་ལི་མི་ལི་སྭཱཧཱ། ཞེས་ལན་གསུམ་གྱིས་བརྟན་པར་བྱས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མཁའ་ལྡིང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ བཟླས་པ་ན། ཨོཾ་བཛྲ་བ་ཏི་ག་རུ་ཌ་བེ་གེ་ཏ་ཧཱུཾ་ཧཱུཾ་ཛ་ཛཿ རི་ཛ་པྲི་ཛ་ཧཱུཾ་ཕཊ། ཅེས་ཉིན་རེ་བཞིན་སྟོང་ནས་ཁྲིའི་བར་བཟླའོ། །ཐུན་འཇོག་ཁར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དམིགས་མེད་ཐུགས་རྗེ་ཆེན་པོའི་ངང་ཉིད་ནས། །ཐབས་ལས་མཁས་པས་གདུག་པ་


TNT15_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཕྱིར། །ཕྱག་ན་རྡོ་རྗེའི་ལས་ཀྱི་ཕོ་ཉར་སྤྲུལ། །བདེ་གཤེགས་མཁའ་ལྡིང་ཚོགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གུ་གུལ་གྱི་བདུག་སྤོས་བཏང༌། བཛྲ་མུཿ ཞེས་གཤེགས་སུ་གསོལ། དེ་ནས་ཐུན་མཚམས་སུ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་དྲུང་དུ། ཕྱག་མཆོད་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་ལེན་པ་གང་ནུས་བྱ། གཙང་སྦྲའི་སྤྱོད་པ་ལ་གནས་པར་བྱའོ། །ཡང་འདི་བདག་བསྐྱེད་དུ་བྱས་ཀྱང་རུང་བས་གོང་དུ་བཤད་པ་ལ་འདོད་པ་སྤོ་བར་བྱའོ། །འདི་ལ་རྗེས་གནང་སོགས་བྱེད་པ་མེད་དེ། ངག་གམ་གླེགས་བམ་ལས་ལུང་ཐོབ་པས་ཆོག །ཕྱག་ན་རྡོ་རྗེའི་གཟུངས་ཀྱི་ལས་ཚོགས་ཀྱི་ལྷ་ཡིན་ནོ། །ཨ་ཏི་ཤ་ཡི་མན་ངག་ཅེས། །བཀའ་གདམས་ཀུན༵་ལ་གྲགས་པ་ལྟར། །ཐོས་ནས་དག༵འ་བས་བྲིས་པ་ལགས། །ལེགས་པར་བསྒྲུབས་ན་སྙིང༵་པོ༵་འབྱུང༌། །རྡོ་རྗེ་མཁའ་ལྡིང་ཁྱུང་སེར་དུ་གྲགས་པ། བཀའ་གདམས་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །