གསུང་གི་མངའ་བདག་འཇམ་དཔལ་ཞི་ཁྲོ་མིག་སྨན་གྱི་སྒྲུབ་ཐབས།


TNT15_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གསུང་གི་མངའ་བདག་འཇམ་དཔལ་ནི། །ཞི་ཁྲོ་མིག་སྨན་མདོག་འཆང་བ། །དེ་ལ་བཏུད་ནས་དེ་སྒྲུབ་ཐབས། །གསལ་ཞིང་འདུས་པ་བྲི་བར་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། པཾ་ལས་པདྨ། ཨ་ལས་ཟླ་བ། རང་སེམས་དྷཱིཿ མཐིང་ནག་གི་འོད་ཀྱི་འཕྲོ་འདུ་ལས་རང་ཉིད་འཇམ་དཔལ་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་འཕྱར་


TNT15_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། གཡོན་ཨུཏྤལ་ཐུགས་ཀར་འཛིན་པ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་པོ་ཏི་བཞུགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་ཡིད་ཙམ་ཁྲོ་ཞིང་དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། སྙིང་མགོ་ལ་ཆོད། ཁ་ལ་ཛྭ། ཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱཧཱ། བརྒྱ་རྩ་སོགས་གང་འགྲུབ་བཟླའོ། །རྣམ་རྟོག་ཆེ་ན་སྐུ་ཁྲོ་བོའི་ཆ་ལུགས་ཅན། དབུ་སྐྲ་བཅིངས་པ། ཕྱག་གཡོན་པོ་ཏི་ཐུགས་ཀར་བསྣམས་པ། གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཅན་དུ་བསྒོམས་ལ། སྟོང་དང་ཉི་ཤུ་རྩ་གཅིག་རེ་བཟླའོ། །ཞལ་གདམས་བཅུ་གཅིག་གི་དོན་ནི། སྐྱ་རེངས་ཤར་བའི་དུས་ཁ་ཤར་དུ་བལྟ། སྒལ་ཚིགས་བསྲང༌། རླུང་གཡས་ནས་དྲངས་གཡོན་ལ་འབུད། བླ་མ་སྤྱི་བོར་བསྒོམ། སྔགས་ཀྱི་ཤམ་བུར། སརྦ་ཛྭ་ར་རོ་ཀ་དུཥྟ་བིགྷ་ནན་ཨུ་པ་ཏྲ་བེ། ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་གདགས། རང་གི་རྐང་པའི་རྒྱུ་མོ་ཁུང་གཉིས་ཀྱི་དྲེག་པ་སྲིན་ལག་གཡོན་པས་བླངས་ནས། བུ་ག་དགུ་དང་དྲུག་མདོར་བྱུགདེ་རྣམས་ཕྱི་སྒོམ་ཕྱེ་བའི་སྔོན་དུ་བྱ། བཟླས་པའི་མཐར་རྐན་སྒྲ་དྲག་པོ་ལན་གསུམ་བྱ། རྐང་པ་གཡོན་པའི་སེན་མོས་གཡས་པའི་མཐེ་བོང་མནན། ཚངས་པའི་འཇིག་རྟེན་མན་ཆད་ཀྱི་གནོད་བྱེད་ཐམས་ཅད་མནན་པར་བསམ། ཤིན་ཏུ་རྟོག་པ་ཆེ་ན། གོས་མགོ་མཇུག་ཏུ་ཟློག ཐལ་མོ་གདབ། རླུང་


TNT15_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཏུ་འབུད། བཟླས་སྒོམ་རྒྱུན་མི་འཆད་པར་བྱའོ། །འདི་ཡིས་ནད་གདོན་གྲིབ་སོགས་མི་ཐུབ་པ་གང་ཡང་མེད་པར་གྲགས་ཤིང༌། བྱིན་རླབས་ཀྱང་ཆེ་བ་ཡིན་ནོ། །འདི་ལ་སྒོམ་ལུང་ཙམ་གྱིས་ཆོག །འགའ་ཞིག་གི་ལག་ལེན་ལྟར་རྗེས་གནང་བྱེད་ན། ཞི་བའི་སྐུ་ལ་བརྟེན་ནས་སྒྲུབས་ཐབས་བརྒྱ་རྩའི་ཆིངས་སྦྱོར་བ་ཡིན་ནོ། །ཀུན༵་ལས་ཟབ་པར་བསྔགས་པ་འདི། །གསར་མ་ཉིད་དུ་དག༵འ་བས་སྒྲོག །རྙིང་མའི་ཆོས་སུ་གསལ་བ་ལ། །བདག་སྙིང༵་ཡ་མཚན་ཆེན་པོ༵་སྐྱེས། །འཇམ་དབྱངས་ནག་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །