ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས།


TNT15_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཕགས་མ་སྒྲོལ་མ་ལ་བཏུད་ནས། །དཔའ་བོ་གཅིག་སྒྲུབ་ལས་བྱུང་བའི། །རྨི་ལམ་ལུང་སྟོན་གདམས་ངག་ནི། །ཤིན་ཏུ་ཟབ་པར་གྲགས་པ་བྲི། །ཤིང་དྲུང་ངམ་བྲག་ཕུག་སོགས་ཤིན་ཏུ་དབེན་ཞིང་གཙང་བ་ཁྱི་སྒྲ་མེད་པའི་ཕྱོགས་སུ་ས་ཕྱོགས་བྱི་དོར་བྱས་གུ་གུལ་གྱིས་བདུགགཞི་བདག་གཏོར་མ་མང་དུ་བཏང༌། ཐུན་མོང་གི་སྲུང་འཁོར་བསྒོམས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་རཀྵ་རཀྵ་སྭཱཧཱ། ཞེས་འབུམ་ཙམ་བཟླའོ། །དེ་ནས་ཞག་བདུན་ཙམ་དུ་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བསྒོམ་བཟླས་ལ་འབད་པར་བྱའོ། །དེ་དག་ཏུ་ཡང་ཁྲུས་དང་གཙང་སྦྲ་གལ་ཆེའོ། །དངོས་གཞི་ནི། སྟེགས་བུ་གྲུབ་བཞིའི་སྟེང་དུ་པདྨ་འདབ་བརྒྱད་བྲི། དེའི་སྟེང་དུ་བུམ་པ་དཀར་གསུམ་


TNT15_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བུམ་སྨན་སྦྱར་བའི་ཆུ་གཙང་མས་གང་བ། ཤུག་པ་ལྟ་བུའི་ཤིང་གི་ཡལ་གས་ཁ་བརྒྱན། ཡོད་ན་དེ་ལ་ཙ་ཀ་ལི་འདོགཙ་ཀ་ལི་མེད་ཀྱང་བཏུབ། སྟེང་ནས་དར་སྔོན་པོའི་གདུགས་ཕུབ། མཐའ་མཆོད་པས་བསྐོར། སྒྲོལ་མའི་བྲིས་སྐུ་དང༌། དཀར་གཏོར་གསུམ་ཡང་བཤམ། ཨ་མྲྀ་ཏ་བཟླ་ཞིང་བགེགས་བསྐྲད། བདག་བསྐྱེད་སྒྲོལ་དཀར་གྱི་མངོན་རྟོགས་བཟླས་པ་དང་བཅས་པ་ཅི་རིགས་བྱ། མདུན་བསྐྱེད་སྭ་བྷཱ་ཝས་སྟོང་པར་སྦྱངས། བུམ་པ་རི་རབ་ལྷུན་པོར་གྱུར་པའི་རྩེ་མོར་ཁ་རྒྱན་དཔག་བསམ་གྱི་ཤིང་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རྒྱས་པ། རི་རབ་ཀྱི་སྟེང་དུ་པད་ཟླའི་གདན་ལ་ལྷ་མོ་ཤྲ་མ་ཎ་སྐུ་མདོག་སྔོན་མོ་ཞི་ཞིང་སྒེག་པ། རི་རབ་ལ་ཁྱེལ་བཞུགས་ཀྱི་ཚུལ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་མེ་ལོང་ངམ་རྔ་ཡབ། གཡོན་དཔག་བསམ་ཤིང་གི་ཡལ་ག་འཛིན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། ལྷ་མོ་ཤྲ་མ་ཎ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། འདོད་དོན་གསོལ་བ་དྲག་ཏུ་བཏབ། ལྷ་མོ་ལ་ཕུལ་བར་མོས་ཏེ། མེ་ཏོག་གཙང་མ་བུམ་པའི་ནང་དུ་ཕུལ། ཨོཾ་ཤྲ་མ་ཎ་པི་ཤ་ཙི་ནི་མུཎྜེ་སྭཱཧཱ། ཞེས་ཅི་ནུས་བཟླའོ། །ཐུན་འཇོག་ཁར། གཏོར་མ་དང་པོ། ཨོཾ་ཤྲ་མ་ཎ་པི་ཤ་ཙི་ཨི་དམ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ། གཉིས་པ་ཆོས་སྐྱོང་དང༌། གསུམ་པ་གཞི་བདག་ལ་


TNT15_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། ཐུན་མཚམས་སུ་ཡང་བཟླས་པ་རྒྱུན་མི་འཆད་པར་བྱ་ཞིང༌། ཁྱད་པར་ཉལ་ཁར་དྲག་ཏུ་བཟླའོ། །ཞག་བདུན་གྱིས་བསྙེན་པར་འགྲུབ་ཅིང༌། རང་གཞན་གྱི་དོན་ཕལ་ཆེར་དང་ཚེ་རིང་ཐུང་སྐྱེ་བ་སྔ་ཕྱི་སོགས་ཕལ་ཆེར་ལུང་སྟོན་པར་གྱུར་རོ། །གལ་ཏེ་མ་འགྲུབ་ན། གྲིབ་ཤས་ཆེ་བ་ཡིན་པས་ཁྲུས་ཆོག་དང༌། བཤགས་བསྡམས་བྱས་ལ། སླར་ཞག་བདུན་སྒྲུབ་བོ། །སྒྲོལ་མའི་བསྙེན་པ་སྔོན་དུ་སོང་ན། ཞག་ཉེར་གཅིག་གིས་མི་འགྲུབ་པ་ཡེ་མི་སྲིད་པར་གྲགས་སོ། །འདི་སྒྲུབ་དུས་བྱ་རྒྱུད་ནས་བཤད་པའི་བསྲུང་བྱ་གང་ཡོད་ཀྱི་སྟེང་དུ། མི་ཁྱི་དང་མི་འཕྲད། སྔོ་རྔད་མི་བཟའ། དཀོར་ཟས་དང༌། གྲིབ་ཟས་ལ་འཛེམ་པ་གལ་ཆེའོ། །འདི་ལ་རྗེས་གནང་མི་དགོས། ལུང་ཙམ་གྱིས་འགྲུབ་བོ། །ཟབ་མོ་ཡིན་ཞེས་ཀུན༵་ལ་གྲགས། །རྒྱུད་ལས་གསུངས་ཕྱིར་མཁས་རྣམས་དག༵འ། །ལུང་བསྟན་སྒྲུབ་པའི་སྙིང༵་པོ༵་འདི། །གཞན་པས་ངོ་མཚར་ཆེ་བར་འཁུམ། །ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །