མཁའ་འགྲོ་སེང་གེའི་གདོང་ཅན་སྔོན་མོའི་སྒྲུབ་ཐབས།


TNT15_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །མཁའ་འགྲོ་མ་དཔལ་དྲག་ཤུལ་ཅན། །འཇིགས་མེད་ཞལ་ཅན་ལ་བཏུད་ནས། །སྒྲུབ་ཐབས་རྗེས་གནས་མདོ་ཙམ་བྲི། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། །གུར་ནས་འབྱུང་བའི་རྒྱུན་བཤགས་རྣམས་སྤྱི་དང་མཐུན་པར་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་གྲུ་


TNT15_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཐིང་ནག་རྒྱ་ཆེ་ཞིང་གཏིང་ཟབ་པ། འབར་བའི་འཕྲེང་བ་འཁྲུགས་པ། དེའི་དབུས་སུ་པཾ་ལས་པདྨ་ཆེན་པོ་དང༌། རཾ་ལས་ཉི་མ་ལ་གནས་པའི་མི་རོའི་སྙིང་གར་རང་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་མཐིང་ཁ། དེ་ལས་འོད་འཕྲོས། དགྲ་བགེགས་ལོག་འདྲེན་བྱད་མ་ཐམས་ཅད་ཚར་བཅད། མཚན་ལྟས་ངན་པ་དང༌། ཉེར་འཚེ་ཐམས་ཅད་བསྲེགས། སླར་འདུས་ཧཱུཾ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནགསྐུ་བོང་ཆེ་བས་སྲིད་གསུམ་ཁྱབ་པ། ཡན་ལག་དང་ཉིང་ལག་མཁྲང་ཞིང་ཧྲགས་པ། རབ་ཁྲོས་སེང་གེའི་ཞལ་གདངས་ཤིང༌། ལྗགས་འགྲིལ་ལ་མཆེ་བ་གཙིགས་པ། དུག་གི་ཁ་རླངས་ན་བུན་ལྟར་འཐིབས་ཤིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་མེ་ལྟར་འབར་ཞིང་ལ་ལ་ཐུར་དུ་འཕྱང་བ། ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཾ་ག་ལ་ཌཱ་མ་རུ་དང་འཕན་རྩེ་གསུམ་པ་འཕྱང་བ། ཞབས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། སྟག་ལྤགས་ཀྱི་ཤམ་ཐབས་དང༌། མི་ལྤགས་དང་གླང་ལྤགས་སྦྱར་བའི་སྟོད་གཡོགས་གསོལ་བ། ཐོད་པ་སྐམ་པོས་དབུ་བརྒྱན་ཞིང༌། སྦྲུལ་དང་རུས་རྒྱན་དང༌། མི་མགོའི་དོ་ཤལ་ཅན། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། ཡེ་ཤེས་ཀྱི་མེ་འོད་འབར་བའི་


TNT15_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བཞུགས་ཤིང༌། མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཐམས་ཅད་ཀྱང་ཕྱག་གཡས་པ་རྣམས་ན་སྣ་ཚོགས་པའི་མཚོན་ཆ་འཛིན་ཞིང༌། གཡོན་གཙོ་བོ་དང་མཚུངས་པ། སེང་གེའི་ཞལ་ནས་དྲག་སྔགས་ཀྱི་སྒྲ་འུར་རུ་རུ་སྒྲོག་པར་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་འཕྲོས། ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་འཁོར་དང་བཅས་པ་ཕེཾ་ཕེཾ། ཞེས་འབར་བའི་ཕྱག་རྒྱ་བསྐོར་བས་སྤྱན་དྲངས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས། དབང་གི་ལྷ་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང༌། དེ་རྣམས་ཀྱིས་དབང་བསྐུར། སྐུ་གང༌། དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་དྲག་ཏུ་བཟླས་པས། དམིགས་པ་དང་བཅས་ཐལ་མོ་བརྡབ་ཅིང༌། མཐར། ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །མཐར་ལྷ་སྐུ་མི་དམིགས་པའི་ངང་ནས་དགེ་བ་བསྔོ། ཐུན་


TNT15_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ། གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། ནང་མཆོད་བྱིན་གྱིས་བརླབས་ཏེ་བྲན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འབྲུ་གསུམ་གྱིས་མཚན་པ། དེའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། འབྲུ་གསུམ་ལ་ཐིམ། དེ་རྣམས་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གོང་བཞིན་ཡེ་ཤེས་པ་སྤྱན་དྲངས། ཨོཾ་སིངྷ་མུ་ཁ་ཌཱ་ཀི་ནཱི་ཨི་དམ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་བཏགས་པ་ལན་བདུན་གྱིས་ཕུལ། ཨོཾ་སིངྷ་མུ་ཁ་ཌཱ་ཀི་ནཱི་ས་པ་རི་ཝཱ་རེ་བྷྱཿ ཞེས་པ་འགོ་བོར་སྦྱར་ཏེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། བཅོམ་ལྡན་ཡེ་ཤེས་མཁའ་འགྲོ་མ། །འཇིགས་གཟུགས་དཔའ་བོ་ཆེན་མོ་ནི། །སེང་གེའི་གཟུགས་ཀྱིས་གདུག་པ་འདུལ། །རྔམ་པའི་ཞལ་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་གྲི་གུག་བསྣམས་པ་ཡིས། །དགྲ་བགེགས་མ་ལུས་སྲོག་རྩ་གཅོད། །མི་མཐུན་བར་ཆད་སེལ་མཛད་མ། །མཐུ་སྟོབས་དྲག་མོ་ཕྱག་འཚལ་བསྟོད། །གཡོན་པ་ཐོད་ཁྲག་བསྣམས་པ་ཡིས། །བདུད་བཞི་ཞིང་བཅུའི་སྙིང་ཁྲག་གསོལ། །འཁོར་བའི་ཁྲག་རྒྱུན་རྩད་ནས་གཅོད། །བྱད་མ་སྒྲོལ་ལ་ཕྱག་འཚལ་བསྟོད། །


TNT15_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་སྒྲོལ་མཛད་ཁ་ཊྭཱཾ་བསྣམས། །འཇིགས་པའི་སྐུ་ལ་ཐོད་འཕྲེང་ཅན། །ཞབས་གཉིས་ཉི་ཟླ་པད་སྟེང་དབུས། །མེ་དཔུང་ཀློང་བཞུགས་ཕྱག་འཚལ་བསྟོད། །དུག་གསུམ་རྣམ་དག་ཆོས་འབྱུང་ནི། །རྣམ་ཐར་སྒོ་གསུམ་ཡོངས་རྫོགས་པ། །མཐིང་ནག་གྲུ་གསུམ་མེ་རི་འབར། །ཨེ་ལས་དྲག་བྱེད་ཕྱག་འཚལ་བསྟོད། །བསྙེན་སྒྲུབ་མཆོད་བསྟོད་བགྱིས་པ་ཡིས། །ས་ལམ་བར་ཆད་ཞི་བ་དང༌། །ཚེ་དང་ལོངས་སྤྱོད་རྒྱས་པ་དང༌། །རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག །མཆོད་སྦྱིན་གཏོར་མ་ནས། ཀུན་འགྲུབ་ཤོག་གི་བར་སྤྱི་དང་མཐུན། བཛྲ་མུཿ ཞེས་གཤེགས་ལ། སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱའོ། །རྗེས་གནང་བྱེད་པར་འདོད་ན། ཆོས་འབྱུང་གྲུ་གསུམ་མཐིང་ནག་རེ་ཁ་དཀར་པོ་ཅན། དབུས་སུ་ཉི་གདན་ལ་ཚོམ་བུ་དཀར་པོ་དགོད། མཐའ་རྡོ་རྭ་མེ་རིས་ཟླུམ་སྐོར་བྱ། ཁྱམས་ཟླ་གམ་རྡུལ་ཚོན་དམར་པོས་དགང༌། དབུས་སུ་མཉྫིའི་སྟེང་དུ་དམར་གཏོར་གྲུ་གསུམ་རྒྱན་གྱིས་བརྒྱན་པ་བཞགམཐའ་མཆོད་གཏོར་གྱིས་བསྐོར། སྤྲོ་ན། གོ་སྐབས་ཡངས་པ་ཞིག་ཏུ་བུམ་པའང་འཆའ། མཉྫིའི་སྟེང་གི་གཏོར་མ་དང༌། བུམ་པ་བཅའ་བ་ཕྱག་ལེན་ཡིན་གྱི་ཡིག་རྙིང་ནི་མ་བཞུགས། གཏོར་དབང་བྱེད་པའང་དེ་དང་འདྲའོ། །རྡོར་དྲིལ་ཅང་ཏེའུ་ནང་མཆོད་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། གོང་བཞིན་


TNT15_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་བླངས་ནས་བཟླས་པ་སོང་མཚམས་སུ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། བཟླས་པའི་བར་བདག་བསྐྱེད་ཉིད་འདོན་པ་སྤོས་པས་ཆོགདེ་ནས་མཆོད་བསྟོད་བྱས་ལ། བུམ་པ་བཅས་ཡོད་ན། བུམ་པ་སྔགས་ཀྱི་ཡིག་འབྲུས་ཡོངས་སུ་གང་བར་གྱུར། སྔགས་ཅི་རིགས་པ་བཟླས་པའི་མཐར། ཡིག་འབྲུ་རྣམས་ཞུ་བ་ལས་བྱུང་བའི་དབང་གི་ཆུར་གྱུར། ཞེས་བརྗོད། དེ་ནས་གཏོར་ཆོག་གོང་བཞིན་ལས། མགྲོན་སྤྱན་འདྲེན་པ་མི་དགོས་སོ། །སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། སློབ་དཔོན་གྱིས་སློབ་མ་རྣམས་ལ་སེམས་བསྐྱེད་གསལ་བཏབ། སྔོན་འགྲོའི་ཆོས་རྒྱས་བསྡུས་ཅི་རིགས་པ་དང༌། འདི་ཉིད་ཀྱིས་ལོ་རྒྱུས་བཤད། མཎྜལ་འབུལ་བར་བསྐུལ། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ཀྱིས་གསོལ་བ་ལན་གསུམ་འདེབས་སུ་བཅུག །ཡང་ན། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་བྱས་ཀྱང་རུང༌། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ལྟར། སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་གསན་པར་ཞུ། ཅེས་བརྗོད། རྒྱུན་བཤགས་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་སྤྱི་དང་མཐུན། དངོས་གཞི་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་


TNT15_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་འོད་ཀྱིས་སློབ་མའི་ལུས་སོགས་མ་དག་པའི་སྣང་བ་ཐམས་ཅད་སྦྱངས། ཨོཾ་སྭ་བྷཱ་ཝ་ནས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་གྱི་བར་མངོན་རྟོགས་ལྟར་གྱི་དམིགས་པ་སྤྲོད་པ་ཡིན་པ་ལས། ཡེ་ཤེས་སྤྱན་འདྲེན་གྱི་སྐབས། རོལ་མོའི་བྱིན་འབེབས། བུམ་པ་བཅས་ན་དབང་བསྐུར་བའི་སྔགས་འདོན་བཞིན་དུ། བུམ་པ་སློབ་མའི་མགོ་ཐོག་ཏུ་བཞག་ཅིང་བུམ་ཆུང་སྦྱིན་ནོ། །དེ་དག་རྗེས་གནང་གི་གཞི་འགོད་པ་ཡིན། དེ་ནས་སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས། མཁའ་འགྲོ་སེང་གེའི་གདོང་ཅན་གྱི་སྐུ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། སྐུའི་བྱིན་རླབས་ཞུགས་པར་མོས་མཛོད། ཅེས་བརྗོད་ལ་རོལ་ཆེན་བྱ། སྐུའི་རྗེས་གནང་ངོ༌། །སློབ་དཔོན་གྱི་མགྲིན་པའི་ཨཱཿལས་ཨཱ་ལི་ཀཱ་ལི་དང་སྔགས་འཕྲེང་དཔག་ཏུ་མེད་པ་བྱུང༌། མགྲིན་པར་ཐིམ། རོལ་ཆེན་བྱ། དེ་རྗེས་བཟླས་ལུང་དང༌། བཅོམ་ལྡན་བདག་གི་སོགས་བྱིན་གྱིས་བརླབས་པའི་ལུང་ཡང་སྤྱི་དང་མཐུན་པར་སྦྱིན། གསུང་གི་རྗེས་གནང་ངོ༌། །སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་ལས། གྲི་གུག་རལ་གྲི་ཁ་ཊྭཱཾ་རྩེ་གསུམ་ཅང་ཏེ་ལ་སོགས་པའི་ཕྱག་མཚན་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྙིང་ཀའི་ཧཱུཾ་ལ་ཐིམ། རོལ་ཆེན། ཐུགས་ཀྱི་རྗེས་གནང་ངོ༌། །སློབ་དཔོན་གྱི་གནས་གསུམ་ནས་ཡི་གེ་འབྲུ་གསུམ་དཔག་ཏུ་མེད་པ་སྤྲོས། སློབ་


TNT15_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གནས་གསུམ་དུ་བསྟིམ། རོལ་ཆེན། ཡོན་ཏན་གྱི་རྗེས་གནང་ངོ༌། །དེ་རྣམས་བུམ་དབང་ལ་སོགས་པ་དབང་བཞིའི་དོན་ཡིན་ནོ། །ཞེས་ཀྱང་ངོ་སྤྲད། དེ་ནས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་མཁའ་འགྲོ་མ་བྱེ་བ་འབུམ་སྡེས་བསྐོར་བར་དངོས་སུ་བསྒོམ། དེ་ལ་མོས་གུས་དུང་བ་བྱས་པས། དེ་ཉིད་འུར་འུར་ཆེམ་ཆེམ་ཁྱེད་རང་གི་སྤྱི་བོར་བྱོན། ཕྱི་ནང་གི་བར་ཆད་ཐམས་ཅད་བསྲུང་བ་དང༌། གནོད་བྱེད་བགེགས་དང་ལོག་འདྲེན། མཐུ་གཏད་སྦྱོར་བ་ངན་པ་བྱེད་པའི་བྱད་མ་ཐམས་ཅད་ཞལ་དུ་ཆོམ་ཆོམ་གསོལ་བར་མོས་ཤིག་བྱས་ལ། གཏོར་མ་དེ་རྣམས་ཀྱི་སྤྱི་བོར་བཟུང༌། རོལ་ཆེན་དང་བཅས་པར་བཀའ་བསྒོ་དྲག་ཏུ་བྱའོ། །འཕྲིན་ལས་ཀྱི་རྗེས་གནང་ངོ༌། །རྗེས་གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་དང༌། བསོད་ནམས་འདི་ཡིས་སོགས་བྱའོ། །རྗེས་ཆོག་ནི། མདུན་བསྐྱེད་ཀྱི་མཆོད་པ་རྣམས་ཁ་གསོས། སྤྱི་དང་མཐུན་པར་བྱིན་གྱིས་བརླབས། གོང་བཞིན་མཆོད་བསྟོད་བྱས་ལ། ཡིག་བརྒྱ། བཟོད་གསོལ། ཡེ་ཤེས་པ་གཤེགས་པ། དམ་ཚིག་པ་བསྡུ་བ། རང་གི་གནས་གསུམ་བྱིན་གྱིས་བརླབས་པ། སྨོན་ལམ་གདབ་པ། བཀྲ་ཤིས་ཀྱིས་མཐའ་བསྟེན་པ་རྣམས་རིམ་པ་བཞིན་སྤྱི་དང་མཐུན་པར་བྱའོ། །ཀུན༵་ཁྱབ་ཟབ་པར་གྲགས་པ་ཡིས། །ཕྱིར་ཟློག་མན་ངག་རབ་


TNT15_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དག༵འ་བ། །སྒྲུབ་ཐབས་སྔ་ཕྱི་བགྲང་ཡས་ལས། །སྙིང༵་པོ༵་ཁོལ་བྱུང་ཙམ་ཞིག་བཀོད། །མཁའ་འགྲོ་སེང་གེའི་གདོང་ཅན་སྔོན་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །