ཀུན་ཏུ་བཟང་པོའི་སྒྲུབ་ཐབས།


TNT15_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །སྨོན་ལམ་རྒྱ་མཚོ་ལས་འཁྲུངས་པ། །མཆོད་པའི་སྤྲིན་ལ་དབང་བསྒྱུར་བའི། །ཀུན་ཏུ་བཟང་པོར་གུས་པའི་འདུད། །སེམས་བསྐྱེད་དང་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་སྟྭཾ་ཡིག་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོ་སྐུ་མདོག་དམར་པོ། གཡས་གང་བའི་བུམ་པ་ཐུགས་ཀར་གཏོད་ཅིང༌། གཡོན་ཉི་མ་དང་པདྨ་དཀར་པོ་བསྣམས་པ། ཁྲོ་བོ་ཊཱཀྐི་རཱ་ཛ་དང་བཅས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། རྒྱལ་བ་རིགས་ལྔའི་དབུ་རྒྱན་ཅན། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་ཟླ་བ་ལ་སྔགས་འཕྲེང་བཀོད་དེ། ཨོཾ་སྭཾ་ཧྲིཿཀ་ཡ་སྭཱཧཱ། ཞེས་ཅི་ནུས་བཟླ། འཇུག་ཏུ་སྐུ་སྟོང་པར་སྦྱངས། དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་ཀུན་དུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་ལ་སོགས་པ་ཅི་ནུས་སུ་འདོན་ཞིང༌། ཕལ་པོ་ཆེ་དང་གསེར་འོད་དམ་པ་ལ་སོགས་པ་བཀླག་པར་བྱའོ། །གཞན་ཡང་སྐུ་གཟུགས་ལ་མཆོད་བསྟོད་དང་སྨོན་ལམ་མང་དུ་འདེབས། འདིའི་བཟླས་ལུང་འབོགས་པ་ནི། འོད་དཔག་མེད་ཀྱི་སྒྲུབ་ཐབས་སུ་བཤད་པ་དང་འདྲའོ། །ཀུན༵་ཏུ་བཟང་པོ་གྲགས་ཆེ་ཡང༌། །མཁས་རྣམས་དག༵འ་བའི་སྒྲུབ་ཐབས་ནི། །སྔོན་ཆད་བོད་ཀྱི་ཕྱོགས་ན་མེད། །དེ་ཕྱིར་སྙིང༵་ལ་དམ་པོ༵ར་བཟུང༌། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་འཕགས་པ་ཀུན་ཏུ་བཟང་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།