སྒྲུབ་ཐབས་བཞིན་དུ་བསྒོམ་པར་བྱ།


TNT15_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཡི་གེ་དྲུག་པའི་བདག་ཉིད་ཅན། །བདེ་ལྡན་ཇོ་བོར་མཚན་གསོལ་པ། །སུ་ཁ་དེ་བས་ཞལ་གཟིགས་པའི། །སྒྲུབ་ཐབས་བཞིན་དུ་བསྒོམ་པར་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། ཤཱུ་ནྱ་ཏཱས་


TNT15_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དཀར་པོ་དང་ཟླ་བའི་གདན་ལ་པདྨ་དཀར་པོའི་སྡོང་བུ་ཡི་གེ་དྲུག་པའི་སྔགས་ཀྱིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་ཇོ་བོ་སུ་ཁ་ཝ་ཏི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་དྲུག་པ། གཡས་ཀྱི་དང་པོ་བ་དན་རྩེ་གསུམ་པའི་ཕྱག་རྒྱ། གཉིས་པ་ན་བགྲང་འཕྲེང༌། གསུམ་པ་ན་ནོར་བུ་དང་བཅས་པའི་མཆོག་སྦྱིན། གཡོན་དང་པོ་པདྨ་དཀར་པོའི་སྡོང་བུ་ནོར་བུས་མཚན་པ། གཉིས་པ་ན་དབྱུག་གུ་རྩེ་གསུམ། ཐ་མ་ན་སྤྱི་བླུགས་འཛིན་པ། ཞབས་རོལ་པའི་སྟབས་ཀྱིས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། རལ་པའི་ཅོད་པན་ཅན། གཡོན་ཕྱོགས་སུ་རང་སྣང་གི་ཡུམ་ཨུཏྤལ་འཛིན་པས་འཁྱུད་པ། རྒྱལ་བ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པའོ། །མིག་ཏུ་ཨོཾ་དཀར་པོ། རྣ་བར་མ་སྔོན་པོ། སྣར་ཎི་སེར་པོ། ལྕེ་ལ་པད་དམར་པོ། དཔྲལ་བར་མེ་ལྗང་ཁུ། ལྟེ་བར་ཧཱུཾ་སྔོ་སྐྱ། སྤྱི་བོར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླའོ། །འཇུག་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་དགེ་བ་བསྔོ། ཐུན་མཚམས་སུ་ལྷའི་སྣང་བ་དང་མ་བྲལ་བར་བྱ། ཇོ་བོ་བདེ་ལྡན་དམར་པོ་བསྒོམ་པར་འདོད་ན། ཕྱག་གཡོན་གྱི་དང་པོ་པདྨ་དཀར་པོའི་སྟེང་དུ་གླེགས་བམ་དང་བཅས་པ་འཛིན་པ། སྐུ་མདོག་དམར་པོ་ཐུགས་ཀར་སྦས་པའི་ཡུམ་སྒྲོལ་མ་ཨུཏྤལ་


TNT15_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་འཛིན་ཞིང་ཁ་འབྱེད་པ། དེའི་ཐུགས་ཀར་ས་བོན་སྔགས་འཕྲེང་དང་བཅས་པ་བསྒོམ་པ་དང༌། བཟླས་པའི་ཚེ། ཡུམ་ལ། ཨོཾ་པདྨ་ཏཱ་རེ་ཧཱུཾ། ཞེས་བཟླ་བ་ནི། འདི་དང་མཚུངས་པ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་མཧཱ་ཛ་ནས་མཛད་པ་ཞིག་སྔར་འགྱུར་ཡང་བཀའ་མེད་ལ། འདི་ནི་དབང་ཐོབ་པ་ཞིག་ལ་སྒྲུབ་ཐབས་བཤད་ནས། སྔགས་ཀྱི་བཟླས་ལུང་སྦྱིན་པ་ཙམ་གྱིས་ཆོག་གོ །ཚོང་དཔོན་རིགས་ལས་གྲུབ་བརྙེས་པ། །ཀུན༵་དག༵འ་གྲགས་ལྡན་དེ་ཡི་གཞུང༌། །སྙིང༵་པོ༵ར་བསྡུས་པའི་ཉམས་ལེན་ནི། །འདི་ལྟར་ལགས་པས་གཅེས་པར་བཟུང༌། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། སྤྱན་རས་གཟིགས་སུ་ཁ་ཝ་ཏིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །