དོན་ཡོད་ལྕགས་ཀྱུ་སྒྲུབ་པའི་ཐབས།


TNT15_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྤྱན་རས་གཟིགས་དབང་ལ་བཏུད་ནས། །དོན་ཡོད་ལྕགས་ཀྱུ་སྒྲུབ་པའི་ཐབས། །མདོ་ཙམ་བླ་མའི་གསུང་བཞིན་དུ། །གཞན་ལ་ཕན་ཕྱིར་བྲི་བར་བྱ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སེམས་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་དོན་ཡོད་ལྕགས་ཀྱུ་སྐྱ་རེངས་གསར་པའི་མདོག་ཅན། རལ་པའི་ཐོར་ཚུགས་དང་ལྡན་པ། རྒྱན་སྤངས་པ། སྤྱན་གསུམ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། རྒྱ་ནག་གི་བླ་གོས་དང༌། རི་དྭགས་ཀྱི་པགས་པའི་སྨད་གཡོགས་ཅན་མཉམ་པར་བཞེངས་པ། ཕྱག་བརྒྱད་ཀྱི་གཡས་བཞི་ན་ལྕགས་ཀྱུ་དང༌། གཡོན་བཞི་ན་ཞགས་པ་


TNT15_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པའོ། །སྙིང་གར་ཟླ་བ་ལ་སྔགས་འཕྲེང་བཀོད་དེ། ཨོཾ་ཨངྐུ་ཤ་ཨ་མོ་གྷ་ཨ་ཁརྵ་ཡ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླའོ། །ཐུན་མཚམས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ལ་མཆོད་ཅིང་བསྟོད་པ་དང༌། མདོ་སྡེ་ཀློག་པ་ལ་ནན་དུ་བྱའོ། །འདིའི་ལུང་འབོགས་ཚུལ་ནི། འོད་དཔག་མེད་ཀྱི་སྐབས་དང་འདྲ་བ་ཡིན་ནོ། །ཀུན༵་དུ་སྤྱན་རས་གཟིགས་ཀྱི་ཐུགས། །རབ་དག༵ས་སྐུལ་བར་བྱེད་པའི་ལྷ། །དོན་ཡོད་ལྕགས་ཀྱུའི་སྔགས་རྒྱུད་ནི། །མཐའ་ཡས་གསུངས་པའི་སྙིང༵་པོ༵་འདིའོ། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་དོན་ཡོད་ལྕགས་ཀྱུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །