ཕྱག་རྡོར་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།


TNT15_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་བདག །ཐུགས་ཀྱི་རྡོ་རྗེ་ཐུགས་ཀྱི་གཙོ། །ཐུགས་གྱི་དབང་ཕྱུག་གསང་བའི་རྒྱལ། །རྡོ་རྗེ་འཛིན་པའི་ཞབས་ལ་འདུད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། རང་གི་སྙིང་གར་ཧཱུཾ་ཡིག་རྡོ་རྗེ་དང་བཅས་པའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་གསང་བའི་བདག་པོ་ཞི་བ་ཕྱག་གཉིས་པ། སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཡིད་ཙམ་ཁྲོ་བའི་ཉམས་ཅན། དར་དང་རིན་པོ་ཆེའི་


TNT15_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། ཡུམ་མཱ་མ་ཀཱི་དཀར་ལ་སྔོ་བའི་མདངས་ཅན། གྲི་གུག་དང་ཐོད་པ་འཛིན་པས་སྐུའི་གཡོན་ཕྱོགས་ནས་འཁྱུད་པ། ཨོཾ་སརྦ་མཧཱ་བཛྲ་ཨ་གྲ་ཝ་རཾ་ཧཱུཾ། ཨོཾ་ཀི་རི་ཀི་རི་མཱ་མ་ཀཱི་ཧཱུཾ། ཞེས་ཅུང་ཟད་བཟླས། ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་ཕུང་པོར་གྱུར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས། ས་མ་ཡ་སྟྭཾ་ཞེས་བསྐུལ་བས། དེ་ཉིད་ཧཱུཾ་དུ་གྱུར། དེ་ལས་རང་ཉིད་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཤིན་ཏུ་ཁྲོས་པ། གཡས་རྡོ་རྗེ་འབར་བ་འཕྱར་ཞིང་གཡོན་ཞགས་པ་འཛིན་པའི་སྡིགས་མཛུབ་ཀྱིས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཉི་མའི་དཀྱིལ་འཁོར་ལ་གནས་པ། ཉི་མའི་འོག་ཏུ་དབང་ཕྱུག་ཆེན་པོ་དང༌། ཨུ་མ་དང༌། ནོར་བདག་དང༌། ཀླུ་དང༌། ལྷ་མ་ཡིན་ལ་སོགས་པ་དྲེགས་པ་ཐམས་ཅད་ཁ་བུབ་ཏུ་མནན་པ། གདུག་པའི་སྦྲུལ་ཞལ་དུ་གསོལ་ཞིང་སྟག་ལྤགས་དང་སྦྲུལ་རྒྱན་དང་མི་མགོའི་དོ་ཤལ་ཅན། ཁྲོ་བོའི་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའོ། །ཡུམ་རིག་འཛིན་མ་སྔོན་མོ་ཅུང་ཟད་ཞི་ཞིང་སྒེག་པ། སྐྲ་གྲོལ་བ། རྡོ་རྗེ་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྦྲུལ་གྱིས་བརྒྱན་པ། གཉིས་ཀའང་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། མི་བསྐྱོད་པའི་


TNT15_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྒྱན་ཅན། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རི་རབ་ཀྱི་རྩེ་མོར་བྱོན་པར་གྱུར། སྙིང་གར་སྔགས་འཕྲེང་བཀོད་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྟཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཨོཾ་ཀུ་ལཱནྡྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་ཁ་སྦྱོར་གྱི་བཟླས་པ་ཅི་ནུས་སུ་བཟླའོ། ཁ་ཟས་ཀྱི་ཕུད་ཡི་གེ་འབྲུ་གསུམ་གྱིས་གཏོར་མར་བྱིན་གྱིས་བརླབས་ལ། སྙིང་པོའི་མཐར། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པས་འབུལ། །འདིའི་བྱིན་རླབས་བྱེད་པར་འདོད་ན། མཎྜལ་གྲུ་གསུམ་ནག་པོ་ཞིག་བྱ། དེར་མཉྫིའི་སྟེང་དུ་ཐོད་པ་དམ་རྫས་ཀྱིས་བཀང་བའི་ནང་དུ་ལྕགས་ཀྱི་རྡོ་རྗེ་ཞིག་བཞགཤ་ཆང་གིས་བརྒྱན་པའི་གཏོར་མ་དང་མཆོད་པས་བསྐོར། ཐམས་ཅད་ཨ་མྲྀ་ཏས་བསངས། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། བདག་མདུན་དབྱེར་མེད་ཀྱི་ཚུལ་དུ་བཟླས་པའི་བར་ཚར་གྱིས་བསྒོམ། ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་ཞིག་ཆད་དེ། མཆོད་པ་འབུལ་བར་བསམས་ལ། ཨརྒྷཾ་ནས། ཤཔྟའི་བར་གྱི་སྔགས་དང་ཕྱག་རྒྱས་མཆོད། གཏོར་མའང་གོང་བཞིན་བྱིན་གྱིས་བརླབས་ནས་འབུལ། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིགས་སྔགས་འཆང་བ་བདེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་པའི། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དེ་ནས་སློབ་མས། ཨོཾ་ཧེ་བཛྲ་ཨཱ་ཙཪྱ་མ་མ་ཨ་ཏིཥྛནྟུ་ཀུ་རུ་ཧཱུཾ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཡན་ལག་བདུན་པ་བྱ། སློབ་དཔོན་གསང་


TNT15_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་པོ་དངོས་སུ་བསྒོམ་དུ་གཞུགསློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་གསང་བདག་ཡབ་ཡུམ་གྱི་སྐུའི་རྣམ་པར་སྤྱན་དྲངས། སློབ་མ་ལ་བསྟིམ། དེ་བཞིན་དུ་ཡིག་འབྲུ་དང་ཕྱག་མཚན་གྱི་རྣམ་པར་ཡང་སྤྱན་དྲངས་ཏེ་བསྟིམ། དེ་གསུམ་ལ་རོལ་མོའི་སྒྲ་རེ་བྱ། སློབ་མ་ཞི་བ་ཡབ་ཡུམ་དུ་སྒོམ་དུ་བཅུག་ལ་དེའི་སྔགས་ཀྱི་བཟླས་ལུང་སྦྱིན། ཁྲོ་བོ་ཡབ་ཡུམ་དུའང་སྒོམ་དུ་བཅུག་ལ་དེའི་སྔགས་ཀྱི་བཟླས་ལུང་སྦྱིན། གཏོར་མ་ནས་ཁམ་གཅིག་སྦྱིན་ལ་འབྲུ་གསུམ་བརྗོད། བུམ་དབང་ངོ༌། །སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ཐོད་པའི་ནང་གི་དམ་རྫས་སྦྱིན། གསང་དབང་ངོ༌། །རྡོ་རྗེ་སྙིང་གར་གཏད་ལ། བདེ་སྟོང་གི་ཡེ་ཤེས་སྒྲིབ་གཉིས་འཇོམས་བྱེད་དུ་ངོ་སྤྲད། ཤེར་དབང་ངོ༌། །མདུན་བསྐྱེད་ཀྱི་ལྷ་ཚོགས་སློབ་མ་ལ་བསྟིམ། མི་རྟོག་པ་སྒོམ་དུ་གཞུག་སྟེ་དབང་བཞི་པའོ། །རྗེས་ཀྱི་བྱ་བ་སྤྱི་དང་འདྲ། །སངས་རྒྱས་ཀུན༵་གྱི་ཐུགས་རྡོ་རྗེ། །ལྷན་ཅིག་སྐྱེས་དག༵འི་རང་བཞིན་དངོས། ཁྲོ་རྒྱལ་འདི་ལ་སྙིང༵་ནས་དང༌། །སྒྲུབ་ཐབས་འདི་ཡང་གསལ་པོར་བཀོད། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། འགྲོ་ལྡིང་གི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཝ་སཾ་བྷ་ཝའི་མན་ངག་ཕྱག་རྡོར་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །