ལྷ་མོ་གོས་དཀར་མོའི་སྒྲུབ་ཐབས།


TNT15_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རིག་སྔགས་ཀུན་གྱི་རྒྱལ་མོ་ནི། །མཐའ་དག་བགེགས་ཀྱི་གཤེད་མ་མཆོག །བཟོད་དཀའ་གཟི་བརྗིད་ཆེན་པོ་འཆང༌། །མཱ་མ་ཀཱི་ལ་རབ་ཏུ་འདུད། །སེམས་བསྐྱེད་དང་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལྷ་མོ་མཱ་མ་ཀཱི་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཕྱག་གཡས་པས་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་མེ་ལྕེའི་ཟེར་འཕྲོ་བ་འཕྱར་བའི་ཚུལ་འཛིན་པ། གཡོན་པས་ཐུགས་ཀར་ཨུཏྤལ་སྔོན་པོའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྡེ་བརྒྱད་ཀྱི་གཙོ་བོ་དྲེགས་པ་ཅན་ཐམས་ཅད་ཁ་བུབ་ཏུ་བསྒྱེལ་བའི་སྟེང་དུ། པདྨ་ཉི་ཟླའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དར་སྔོན་པོའི་སྟོད་གཡོགས་དང༌། སྟག་ལྤགས་ཀྱི་སྨད་དཀྲིས་ཅན། སྦྲུལ་དང་རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། སྤྱན་གསུམ་དང་ལྡན་ཞིང་མཆེ་བའི་མྱུ་གུ་གཙིགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན། དབུ་སྐྲ་ཕྱེད་ལྟག་པར་བཅིངས་ཤིང་ཕྱེད་གྲོལ་བ། སངས་རྒྱས་མི་བསྐྱོད་པས་དབུ་ལ་བརྒྱན་ཞིང༌། ཚ་ཟེར་འཁྲུགས་པའི་དབུས་ན་བཞུགས་པའོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་རིན་པོ་ཆེ་ལྗང་ཁུ་ཆ་དགུ་པ་དང༌། ལྟེ་བར་པདྨ་འདབ་བརྒྱད། མགྲིན་པར་ཉི་མའི་གདན་དགུ། དེ་རྣམས་ལ་


TNT15_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་ཡུམ་བཞིའི་ཕྱག་མཚན་དང་སྐུ་དང་ས་བོན་རྣམས་འགོད། ལྟེ་འོག་སོར་བཞིའི་གནས་སུ་ཐོད་པ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ས་བོན་སྔགས་འཕྲེང་དང་བཅས་པ་བཀོད་ལ། ཨོཾ་ཀུ་ལཱནྡྷ་རཱི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་པ་དང༌། ཨོཾ་ཤངྐ་རི་ཤནྟི་ཀ་རི། གྷུཊྚ་གྷུཊྚ། གྷུཊྚེ་ནི་གྷུཊྚེ་ནི། གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླ། སྔགས་ཀྱི་འོད་ཟེར་གོང་ནས་གོང་དུ་སྤྲོས་ཏེ་སྤྱི་བོ་ནས་ཐོན་པ་དང༌། ཡང་རིམ་པ་དེ་ཉིད་གོ་བཟློག་སྟེ་ཚུར་བསྡུ་བ་དང༌། ཡང་གསང་བའི་ལམ་ནས་སྤྲོ་ཞིང་བསྡུ་བ་ཅི་ནུས་སུ་བྱ། མཐར་ཕྱག་རྡོར་ལྷན་སྐྱེས་ཀྱི་མངོན་རྟོགས་བཞིན་གཏོར་མ་ཕུལ་ལ་མི་དམིགས་པར་བཞག་གོ །འདིའི་བྱིན་རླབས་བྱེད་ཚུལ་ནི། ཕྱག་རྡོར་ལྷན་སྐྱེས་ཀྱི་བྱིན་རླབས་བྱེད་ཚུལ་ཉིད་འདོན་པ་སྤོས་པས་རུང་ངོ༌། །བགེགས་འཇོམས་ཀུན༵་ལས་འདི་མཆོག་ཅེས། །རྒྱུད་ལས་དག༵འ་བར་བསྔགས་ན་ཡང༌། །ཕྱོགས་འདིར་ཤིན་ཏུ་དཀོན་པའི་ཕྱིར། །སྙིང༵་པོ༵་འདི་ཡང་འབད་པས་ཞུས། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། འགྲོ་ལྡིང་གི་རྡོ་རྗེའི་སློབ་དཔོན་ཆེན་པོ། དེ་ཝ་སཾ་བྷ་ཝའི་མན་ངགརྡོ་རྗེ་ལྷ་མོ་མཱ་མ་ཀཱིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།