རིག་སྔགས་འདི་ཡིས་འགྲུབ་བོ་ཞེས། །རྒྱུད་སྡེ་ཀུན་ལས་གསལ་བར་གསུངས།


TNT15_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དབང་དུ་བྱེད་དང་ནད་ཞི་དང༌། །བློ་དང་ཏིང་འཛིན་ནོར་སྒྲུབ་པ། །རིག་སྔགས་འདི་ཡིས་འགྲུབ་བོ་ཞེས། །རྒྱུད་སྡེ་ཀུན་ལས་གསལ་བར་གསུངས། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་


TNT15_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་གནས་པའི་པཾ་ཡིག་གི་འོད་ཀྱིས་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་བསྒྱུར། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་གོས་དཀར་མོ་ཆེན་མོ་སྐུ་མདོག་དམར་མོ། ཕྱག་གཡོན་པ་པདྨའི་ཁུ་ཚུར་གྱིས་པདྨ་དམར་པོའི་སྡོང་བུ་བརླ་གཡོན་པའི་སྟེང་དུ་འཛིན་ཞིང༌། གཡས་པས་དེ་ཉིད་ཐུགས་ཀར་ཁ་ཕྱེ་ནས་ལྟེ་བར་གནས་པའི་ནོར་བུ་དམར་པོ་ལ་གཟིགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། སྟོད་གཡོགས་དཀར་པོ་སོགས་དང་དར་དང་རིན་པོ་ཆེས་བརྒྱན་པ། རིག་སྔགས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་མོའི་ཆ་བྱད་རྫོགས་པའོ། །ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། སྙིང་གར་པདྨ་དམར་པོ་ཁ་སྦྱོར་གྱི་དབུས་སུ་ཟླ་བ་ལ་ས་བོན་སྔགས་འཕྲེང་དང་བཅས་པ་གསལ་བཏབ་སྟེ། ཨོཾ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །འདིའི་བཟླས་ལུང་འབོགས་ཚུལ་ཡང་འོད་དཔག་མེད་ཀྱི་སྐབས་དང་འདྲའོ། །ལྷ་འདི་དཀྱིལ་འཁོར་ཀུན༵་ལ་ཡོད། །ལོགས་སུ་རབ་དག༵འི་སྒྲུབ་ཐབས་མེད། །དེ་ཕྱིར་འཕགས་ཡུལ་མཁས་པ་ལ། །ཆེད་ཀྱིས་ཞུས་པའི་སྙིང༵་པོ༵འོ། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་ལྷ་མོ་གོས་དཀར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །