དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱགདྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་འཕྲིན་ལས་གཏེར་མཛོད།


TNT15_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱགདྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་འཕྲིན་ལས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


TNT15_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་འཕྲིན་ལས་གཏེར་མཛོད་ཅེས་བྱ་བ། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཁྲོས་པའི་སྐུ། །མ་རུང་བདུད་དཔུང་ཕྱེ་མར་འཐག་མཛད་པ། །བླ་མ་མགོན་པོ་དབྱེར་མེད་ཞབས་པད་ལ། །གུས་པས་བཏུད་ནས་སྒྲུབ་ཐབས་མདོ་ཙམ་བྲི། །རྣལ་འབྱོར་པ་དམ་ཚིག་དང་ལྡན་པ། འདི་ཉིད་ཀྱི་བྱིན་བརླབས་ལེགས་པར་མནོས་པ་ཞིག་གིས། བྲིས་སྐུ་མཆོད་གཏོར་ཙ་ཀ་ལི་སོགས་མཚན་ཉིད་ཚང་བ་བཤམས་ལ། མཆོད་པ་བྱིན་རླབས་དང་ནང་མཆོད་བྱིན་རླབས་བྱས་ལ། བདག་ཉིད་ཡི་དམ་གྱི་རྣལ་འབྱོར་ལ་གནས་པས། འདི་སྐད་ཅེས་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་མདུན་དུ་ཧཱུཾ་ཡིག་ལས་བྱུང་


TNT15_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ། པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། གཾ་དཀར་པོ་འོད་དུ་ཞུ་བ་ལས། དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ་ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཧཱུཾ་མཐིང་ནག་ལས་གྲི་གུག་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་ཀྱི་མགོན་


TNT15_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་པ། ཞལ་གཅིག་ཕྱག་དྲུག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྲིལ་བ། རབ་ཏུ་བཞད་པ། སྨ་ར་དང་སྨིན་མ་དང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ་ཕྱག་གཡས་དང་པོས་རྡོ་རྗེ་གྲི་གུག་དང༌། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་ཐོད་སྐམ་གྱི་འཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེ་ཞགས་པ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཀྱི་རྒྱལ་པོ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ། དར་ལྗང་ཁུའི་སྐེ་རགས་བཅིངས་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། དམར་པོའི་སྙན་ཆ། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་ཁུའི་དོ་ཤལ། དཀར་


TNT15_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྐང་གདུབ་དང་སྐེ་རགས་ཅན་ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་འཕྲེང་བ་དང་ལྡན་པ། སྦོམ་ཐུང་ཡན་ལག་ཧྲགས་པ། གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་ཕྲན་ཅན་དང་རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས་པས། བདུད་དང་བགེགས་ཐམས་ཅད་བརླག་པར་མཛད་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེའི་གཡོན་དུ་ཁྲག་ཞག་འཁྲུག་པའི་རྒྱ་མཚོའི་དབུས་སུ། བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྐུ་མདོག་ནག་མོ་ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ནག་པོ་འཕྱར་ཞིང༌། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། མེ་རླུང་འཚུབ་མའི་དབུས་ན་བཞུགས་ཤིང༌། དྲིའུ་རྟ་རྐང་གསུམ་ལ་ཆིབས་པ། འཁོར་ཤ་ཟ་དང་མ་མོ་མཁའ་འགྲོ་འབུམ་སྡེས་བསྐོར་བའོ། །གཙོ་བོའི་མདུན་དུ་ཧཱུཾ་ལས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། སྐུ་མདོག་མཐིང་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས། དགྲ་ལ་འོ་དོད་འབོད་པ། ཤངས་ནས་དུས་མཐའི་རླུང་ལྡང་བ། ཕྱག་གཡས་གྲི་གུག་


TNT15_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་འཕྱར་བས་ལྷ་དང་ལྷ་མ་ཡིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་གཙོ་བོའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། གཡས་སུ་བྷྱོཿལས་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་དམར་ནགགཡས་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་ཁྲག་འཛིན་པ། རྒྱབ་ཏུ་ཛཿལས་གཤིན་རྗེ་ཊཱཀྐི་རཱ་ཛ་སྐུ་མདོག་དམར་ནགཕྱག་གཡས་ཞགས་པ་དགྲ་ལ་འཕེན་ཞིང༌། གཡོན་སྡིགས་མཛུབ་གནོད་བྱེད་ལ་སྡིགས་པ། གཡོན་དུ་དུ་ལས་བདུད་མགོན་ཆེན་པོ་ཏྲཀྴད་སྐུ་མདོག་ནག་པོ་ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བོའི་སྙིང་གར་བསྣུན་པ། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། ཡ་སོས་མ་མཆུ་མནན་པ། དར་ནག་གི་འཇོལ་བེར་དང༌། སག་ཏིའི་ལྷམ་ཡུ་རིང་གསོལ་བ། གསེར་གྱི་སྐེ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བཞི་ཀའང་ཁྲོ་བོ་ལས་མཁན་གྱི་ཆ་བྱད་ཡོངས་སུ་རྫོགས་པའོ། །དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན། ཤར་ལྷོར་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་འབྱུང་པོ། སྟེང་དུ་ཚངས་པ། འོག་ཏུ་ས་བདག་སྟེ་ཕྱོགས་


TNT15_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བཅུ། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། སྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ཆེན་པོ་བཞི་སྟེ། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་བ། སྙིང་རྗེ་མེད་པ། ཁ་གདངས་པ། མིག་རྩ་དམར་བ། ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ་སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། གནོད་སྦྱིན་དང༌། སྲིན་པོ་དང༌། གཤིན་རྗེ་དང༌། བདུད་དང་མ་མོའི་ཆ་ལུགས་ཅན། ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ།


TNT15_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ན་དཔའ་བོ་ངར་དང་བཅས་ཤིང༌། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ། དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ། ཌཱ་མ་རུ་དང་དྲིལ་བུ་གཡེར་ཀའི་སྒྲ་སི་ལི་ལི། ཁྲོ་ལོ་ལོ། འུར་འུར། ཆེམ་ཆེམ། བྱོན་པར་གྱུར། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལ་ཆེ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཏྲ་པཱ་ལ་ལ་སོགས་པ། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །དཀྱིལ་འཁོར་གནས་འདིར་གཤེགས་ནས་ཀྱང༌། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྟགས་དང་མཚན་མ་སྟོན་པ་དང༌། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཞེས་པའི་རྗེས་སུ་ཀྵིཾ་རིང་པོ་ཉི་ཤུ་རྩ་གཅིག་བརྗོད། དེ་ནས་ཀྵིཾ་གི་གནས་སུ་ཨེ་ཧྱེ་ཧི་བཅུག་པ་དང༌། བཛྲ་ས་མཱ་ཛཿབཅུག་པ་རྣམས་ལན་གསུམ་གསུམ་བརྗོད་པས། མྱུར་མཛད་འཁོར་བཅས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཧཱུཾ། བདུད་འདུལ་དམག་དཔོན་ནག་པོ་ཆེ། །རབ་བརྗིད་འཁོར་གྱི་ཚོགས་དང་བཅས། །དགྲ་


TNT15_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་མ་ལུས་འདུལ་བའི་ཕྱིར། །ནག་པོ་ཆེན་པོ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝེ་ཏེ། ཤཔྟ་ཞེས་སྦྱར་རོ། །སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། ཆོས་དབྱིངས་ངང་ལས་མ་གཡོས་ཀྱང༌། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །དེ་ནས་གསོལ་འདེབས་ནི། ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ཎེ། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ག་ཛོ་གི་ནི། སརྦ་བུདྡྷ་བོ་དྷི་སཏྭ་ཡ་ཤ་ར་ཎཾ་གཙྪ་མི། ཀྱེ་ཀྱེ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིགཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་དཔའ་མོར་བཅས་པ་རྣམས་ཀྱིས་བྱིན༴ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས༴ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས། ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། བྱིན་རླབས་ལ་རྒྱང་


TNT15_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཐུང་མི་མངའ་བ། ཁྱེད་རྣམས་ཀྱི་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིགགསུང་གི་སྒོ་ནས༴ ཐུགས་ཀྱི་སྒོ་ནས༴ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པའི་སྒོ་ནས༴ ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱི། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང༌། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། དེ་ནས་བཤགས་པ་ནི། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་ཉི་ཤུ་རྩ་གཅིག་བཟླས་པའི་མཐར། རྡོ་རྗེ་འཆང་དང་དཔལ་ལྡན་ཤཱ་ཝཱ་རི། །རྒྱལ་བ་མཻ་ཏྲི་གྲུབ་ཆེན་རཱ་ཧུ་ལ། །ཨ་མི་དེ་བ་ལོ་ཀེ་ཤྭ་ར་དང༌། །ཧ་ཡ་གྲྀ་ཝ་པདྨ་འབྱུང་གནས་དཔལ། ཁྱུང་པོ་ཛོ་ཀུ་རཏྣ་བིརྻ་དང༌། །དྷརྨ་སིདྷ་དྷརྨ་པྲཛྙཱ་དང༌། །བིརྻ་སིདྷ་མཁས་གྲུབ་ཆོས་རྗེ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །འགྲོ་བའི་རེ་སྐོང་ཡོན་ཏན་རབ་རྫོགས་པའི། །བརྒྱུད་ལྡན་བླ་མ་དུས་གསུམ་སངས་རྒྱས་ལ། །དག་པ་གཉིས་ལྡན་ཆོས་སྐུར་མ་རྟོགས་པར། །འཇིག་རྟེན་རྟོགས་བཅད་དབང་གྱུར་འཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་དང༌། །ཕྱི་ནང་གསང་བའི་ལྷ་རྣམས་དགོངས་སུ་གསོལ། །བདག་ཅག་ཐེག་མཆོག་


TNT15_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་འགལ་ཉམས་འཐོལ་ལོ་བཤགས། །མཐུ་སྟོབས་ནུས་པ་འཕྲིན་ལས་ཕུན་ཚོགས་ཤིང༌། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སོལ། །འདུ་འབྲལ་མེད་པར་དངོས་གྲུབ་སྟེར་མཛད་པའི། །ཡེ་ཤེས་མགོན་པོ་ཕྱག་དྲུག་དགོངས་སུ་གསོལ། །དུར་ཁྲོད་ནགས་འདབས་ཆུ་གླིང་བས་མཐར་རུ། །ཕྱི་ནང་རྟེན་དང་དམ་རྫས་ཚོགས་གྱུར་ནས། །བསྙེན་སྒྲུབ་བསྐང་བཤགས་ཚུལ་བཞིན་མ་གྲུབ་པར། །ལེ་ལོ་གཡེང་བའི་དབང་གྱུར་མཐོལ་ལོ་བཤགས། ཁྱད་པར་གསང་བའི་རྟེན་མཆོག་བླ་ན་མེད། །བླ་མ་མགོན་པོ་དབྱེར་མེད་བདེ་ཆེན་སྐུ། ཁྱོད་ལ་ཡིད་ཆེས་མོས་གུས་འབྲལ་མེད་ཀྱིས། །རྣམ་དག་ཆོས་སྐུར་མ་རྟོགས་འཐོལ་ལོ་བཤགས། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །གནོད་ཞིང་འགྱོད་པའི་སེམས་དང་བཅས་ནས་ཀྱང༌། །ལྷ་མཆོག་ཁྱེད་གྱི་སྤྱན་སྔར་འཐོལ་ལོ་བཤགས། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང༌། །ཊཱཀྐི་རཱ་ཛ་ཏྲཀྴད་རེ་མ་ཏཱི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་དགོངས་སུ་གསོལ། །ཇི་ལྟར་ཁྱེད་ཀྱིས་ཁས་


TNT15_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་དམ་བཅས་བཞིན། །བདག་གི་འཕྲིན་ལས་ཡེངས་མེད་སྒྲུབ་པ་ལ། །ཡི་ཆད་བགྱིས་ཤིང་ཤ་ཁྲག་གཏོར་ཚོགས་ཀྱིས། །གཏང་རག་དུས་སུ་མ་ཐོངས་འཐོལ་ལོ་བཤགས། །མངོན་ཤེས་མེད་པས་ཉེས་སྐྱོན་མ་རྟོགས་པར། །བསྟན་པ་འཇིག་དང་བླ་མའི་སྐུ་དགྲ་ལ། །དྲག་པོའི་ལས་ཀྱིས་ཚར་གཅོད་མ་བགྱིས་པར། །གསང་བ་སྒྲགས་ཤིང་བྱམས་བགྱིས་འཐོལ་ལོ་བཤགས། །དམ་ཉམས་གཏམ་འདྲེས་གྲིབ་ཕོག་ཟས་ཟོས་དང༌། །རྒྱུ་ཆུང་ཕུད་ཉམས་འགལ་འཁྲུལ་ནོར་ལ་སོགས། །ཉེས་སྐྱོན་འཁྲུལ་བའི་ཚོགས་རྣམས་ཅི་མཆིས་པ། །གནོད་ཞིང་འགྱོད་པའི་སྒོ་ནས་འཐོལ་ལོ་བཤགས། །སྐུ་ཡི་དམ་ཚིག་ཉམས་པ་འཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ༴ ཐུགས་ཀྱི་དམ་ཚིག༴ རྩ་བའི་དམ་ཚིག༴ ཡན་ལག་དམ་ཚིག༴ ཚོར་ཏེ་དམ་ཚིག༴ མ་ཚོར་དམ་ཚིག༴ ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །དཔལ་ལྡན་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་བདག་ལ་དུས་འདིར་སྩོལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང༌། །རྣམ་པར་རྟོག་པའི་བག་ཆགས་དག་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག །གསོལ་འདེབས་དང་


TNT15_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པའང་མི་སྤྲོ་ན་བོར་བས་ཀྱང་རུང་ངོ༌། །དེ་ནས་བཟླས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་སྔགས་ཀྱི་འཕྲེང་བ་རྣམས་ཁ་དོག་ནག་པོ་འོད་ཟེར་དམར་པོ་འཕྲོ་བ་འཕྲེང་རྡོག་ལྟར་གནས་པ་ལ། འོད་ཟེར་སྣ་ལྔ་འཕྲེང་ཐག་གི་ཚུལ་དུ་བརྒྱུས་པ་རང་གི་ཞལ་ནས་འཐོན། མགོན་པོའི་ཞལ་དུ་ཞུགས། མགོན་པོའི་ཐུགས་ཀའི་ཧཱུཾ་ལ་ཐིམ། ཡང་ཧཱུཾ་ལས་བྱུང༌། མགོན་པོའི་ལྟེ་བ་ནས་འཐོན། བདག་གི་ལྟེ་བར་ཞུགས། སྙིང་གའི་ཧཱུཾ་ལ་ཐིམ། དེ་ལྟར་རྟག་ཏུ་འཁོར་ལོ་ལྟར་འཁོར་བར་བསམས་ལ། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་སྙིང་པོ་ཅི་འགྲུབ་བཟླས། དྲག་པོའི་བཟླས་པ་དམིགས་པ་གསལ་བཏབ་སྟེ། ཨོཾ་ཤྲཱི་མཧཱ་ཀཱ་ལ། ཤཱ་ས་ན། ཨུ་པ་ཧ་རི་ཎི། ཨེ་ཥོ྅་པཥྩི་མ། ཀཱ་ལོ྅ཨ་ཡཾ་ཨི་དཾ། རཏྣ་ཏྲཱ་ཡ། ཨ་པ་ཀ་རཱི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏཱ་དཱ། ཨི་དཾ་དུཥྟཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། ཞེས་པ་ནི་དྲག་སྔགས་ཏེ་བོད་རྦད་བསད་གསུམ་ཡང་འདི་ལ་ཚང་བར་བཞེད་དོ། །ཨོཾ་ཤྲཱི་དེ་ཝཱི་ཧཱུཾ་ཕཊ། ལྷ་མོའི་མཚན་སྔགས་སོ། །ཨོཾ་ཀྵེ་ཏྲ་པཱ་ལ་བི་གྷྣཱན་ཧཱུཾ་ཕཊ། ཨོཾ་ཛི་ན་མི་ཏྲ་པཱ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་ཊཱཀྐི་རཱ་ཛཱ་ས་མ་ཡ་བྷྱོཿདུ་ཛ་ཧཱུཾ་ཕཊ། ཨོཾ་དུ་ཡག་ཛཾ་མ


TNT15_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཀཱ་ལ་ཏྲཀྴད་ཧཱུཾ་ཕཊ། ལས་མཁན་བཞིའི་སྙིང་པོའོ། །དེ་ལྟར་བཟླས་པ་ཅི་འགྲུབ་བྱས་ནས། མཐར་གཏོར་མ་ཡི་དམ་ལྟར་བྱིན་གྱིས་བརླབས་ནས། མགོན་པོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྤུ་གུས་གཏོར་མ་དྲངས་ཏེ་གསོལ་བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམས་ནས་དགྱེས་པར་གྱུར། སྙིང་པོའི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཏྲཀ་རག་མོ་བཱ་ལིང་ཏ་མཾ་ས་རཀྟ་རུ་ཏི་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་བཞིན་དུ་འཁོར་རྣམས་ལ་སྙིང་པོའི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་ལ་ལན་གསུམ་གསུམ་གྱིས་ཕུལ། ཨོཾ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ནང་མཆོད་སྔར་བཞིན་ཕུལ་ལ། དེ་ནས་མཆོད་སྦྱིན་གྱི་གཏོར་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཁ་དོག་དྲི་རོ་རེག་བྱ་ནུས་མཐུ་དམ་པ་ཕུན་སུམ་ཚོགས་པ་དང་ལྡན་པ་འདི་ཉིད། དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀཱ་ལ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། སྲོག་གཅོད་ཀྱི་ཤན་པ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་སུམ་བརྩེགས་བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲུང་མ། བསྟན་པའི་སྲོག་ཤིང༌། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། འཁོར་ནག་པོ་འབུམ་གྱི་ཚོགས་དང་བཅས་པ་དང༌། མ་མོ་ཤ་ཟ། ཕོ་རྒྱུད། མོ་རྒྱུད་


TNT15_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་དང་བཅས་པ་དང༌། སྤྲུལ་པའི་ལས་མཁན་བཞི། ཕྱོགས་སྐྱོང་བཅུ། གཙང་རིགས་བདུན་ཅུ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། ཁྱེད་ལ་ཞུ་ཞིང་གསོལ་བ་ནི། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང༌། དཀོན་མཆོག་གི་དབུ་འཕང་བསྟོད་པ་དང༌། དགེ་འདུན་གྱི་ཆོས་འཁོར་སྐྱོང་པར་མཛད་དུ་གསོལ། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨོད་པ། བླ་མ་དང་སློབ་དཔོན་དང་ཕ་མ་ལ་སོགས་པའི་སྐུ་ལ་བདོ་བ། མཚམས་མེད་པ་ལྔ་བྱེད་པ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པ་རྣམས་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བ་དང༌། གདུག་པའི་སེམས་དང་ལྡན་པའི་དགྲ་བགེགས་ཐམས་ཅད་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་བར་མི་འཚལ་ན་བསད་པ་དང་བསྐྲད་པ་དང་དབྱེ་བ་དང༌། རེངས་པ་དང༌། རྨུགས་པ་དང༌། མནན་པ་དང༌། སྡིགས་ཤིང་དཔའ་སྐོང་བར་མཛད་དུ་གསོལ། གཞན་ཡང་སྔོན་གྱི་ལས་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་བར་ཆད་ཐམས་ཅད་ཞི་བ་དང༌། འཕྲིན་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་གདོང་གྲོགས་


TNT15_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། །དཔལ་ལྡན་མགོན་པོ་འཁོར་བཅས་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕང་སྨོད་པ་དང༌། །ཐེག་པ་ཆེན་པོ་སུན་འབྱིན་དང༌། །བསྟན་པ་འཇིག་དང་དབྱེན་བྱེད་དང༌། །བླ་མའི་སྐུ་ལ་བདོ་བ་དང༌། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ནག་པོ་ཆེན་པོས་སྒྲོལ། །ཤཱ་ཏྲུན་མཱ་ར་ཡ་ཕཊ། ཞེས་བརྗོད། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་བར་པ་འཕྲེང་བ་འཛིན། །ཐ་མ་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིན་དྷུ་ར་ཡི་ཐིག་ལེས་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟན། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །


TNT15_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ ཁྲག་མཚོ་ཆིལ་ཆིལ་ཁོལ་བའི་ཀློང་དཀྱིལ་ན། །མཚོ་ཆེན་དྲེའུའི་སྟེང་ན་གཟི་བརྗིད་འབར། །མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་གཉིས་མ། །བདུད་ཀྱི་ཁྲམ་ཤིང་ནད་ཀྱི་རྐྱལ་བ་བསྣམས། །སྐུ་ཡི་སྤྲུལ་པས་སངས་རྒྱས་བསྟན་པ་སྲུང༌། །གསུང་གི་སྤྲུལ་པས་ཁམས་གསུམ་གཡོ་བར་བྱེད། །ཐུགས་ནི་མི་འགྱུར་འགྲོ་བའི་དོན་མཛད་མ། །མ་ཅིག་རེ་མ་ཏཱི་ལ་ཕྱག་འཚལ་ལོ། །ཧཱུཾ། དཔལ་ལྡན་མགོན་པོའི་ཕྱོགས་བཞིའི་བཀའ་གཉན་པ། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །མ་རུངས་ཀུན་འདུས་སྤྲུལ་པ་སྣ་ཚོགས་འགྱེད། །ལས་བྱེད་ཕོ་ཉ་བཞི་ལ་བདག་ཅག་བསྟོད། །དབང་པོ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་དང༌། །མེ་ལྷ་སྲིན་པོ་རླུང་ལྷ་འབྱུང་པོ་དང༌། །སྟེང་གི་ཚངས་པ་སའི་ལྷ་མོ་སྟེ། །སྤྲུལ་པའི་ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་བསྟོད། །དཔལ་མགོན་བདུན་ཅུ་རྩ་ལྔ་དང༌། །དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་དངོས་གྲུབ་སྩོལ་བ་དང༌། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཐུན་གཏོར་ཡོད་ན། སྒྲོན་མེ་བཙུགས་ཏེ་ཁང་སྟེང་ལ་སོགས་པར་འབུལ་ཞིང༌། དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་


TNT15_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང༌། །ཊཱཀྐི་རཱ་ཛཱ་བདུད་མགོན་ཏྲཀྴད་དང༌། །ཕྱོགས་སྐྱོང་གཙང་རིགས་མགོན་པོ་འཁོར་དང་བཅས། །དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས། །དཔལ་ལྡན་ནག་པོ་ཆེན་པོ་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུང་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམས་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་རླག་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་པའི་འཕྲིན་ལས་སྒྲུབ་པར་མཛོད། །ཐུན་གཏོར་མེད་ན། རྒྱུན་གྱི་བསྙེན་པའི་སྐབས་སྤྱི་བཏབ་འདི་བྱ་མི་དགོས་སོ། །ཡིག་བརྒྱ་མང་དུ་བཟླས། མ་འབྱོར་བ་དང་ཉམས་པ་དང༌། །ཞེས་སོགས་དང༌། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་


TNT15_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཟོད་པར་རིགས། །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། རྟེན་ཡོད་ན་བརྟན་བཞུགས་བྱ། སྨོན་ལམ་གདབ་བོ། །ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང༌། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང༌། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང༌། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་འཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་བསྲུང་མ་རྣམས་ཀྱི༴ སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་


TNT15_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང༌། །བདེ་ཆེན་ཕྱག་རྒྱ་ཆེན་པོའི༴ སྒྲུབ་པ་པོ་ལ་བརྟེན་ཞིང་མཆོད་པ་དང༌། །སྐུར་བ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི༴ འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་རྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ༴ བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བཀའ་རྒྱ་མ་བརྗོད་དོ། །འདིར་སྨྲས་པ། དེ་ལྟར་བླ་མ་མགོན་པོ་དབྱེར་མེད་ཀྱི། །སྒྲུབ་ཐབས་མདོར་བསྡུས་ཙམ་ཞིག་བརྗོད་པ་འདི། །དམ་པ་དུ་མས་ཡང་ཡང་གསལ་མཛད་ཀྱང༌། །གཞན་གྱིས་ནན་ཏན་བསྐུལ་བའི་ངོར་བྱས་སོ། །དགེ་དེས་བྱང་ཆུབ་སྒྲུབ་པ་ལ། །གེགས་མེད་མཐུན་རྐྱེན་ཀུན་འགྲུབ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སྐད་ཅིག་ཙམ་གྱིས་ཚར་བཅད་དེ། །ཞི་རྒྱས་དབང་དང་དྲག་པོ་ཡི། །འཕྲིན་ལས་ཕྱོགས་བཅུར་སྤེལ་བར་ཤོག །ཅེས་པའང་མཆོག་ཏུ་གྱུར་པའི་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་ངོར་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བདུན་ལ་སྦྱར་བ་ལས། སླར་ཡང་དོན་གཉེར་མང་པོའི་དོན་དུ་རང་ལོ་སོ་གཉིས་པ་ལ་ཅུང་ཟད་འཁྱེར་བདེ་བར་བྱས་པའོ། །མངྒ་ལཾ།། །།