མགོན་སེར་བློ་འཕེལ་གྱི་སྒྲུབ་ཐབས།


TNT15_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མགོན་ལ་རབ་བཏུད་ནས། །མགོན་སེར་སྒྲུབ་ཐབས་བཤད་པར་བྱ། ༈ །ན་མོ་གུ་རུ། རྒྱལ་བ་ཀུན་གྱི་བླ་མ་ནི། །རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པ། །འཇིག་རྟེན་མགོན་ལ་རབ་བཏུད་ནས། །མགོན་སེར་སྒྲུབ་ཐབས་བཤད་པར་བྱ། །


TNT15_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་བཀའ་གསུམ་པ་མགོན་སེར་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་དང༌། རྗེས་གནང་ལག་ཏུ་བླང་བའི་རིམ་པ་ནི། གཏོར་མ་གྲུ་གསུམ་སེར་པོའམ། ནོར་བུ་འབར་བའི་གཟུགས་ཅན་ཞིག་བྱ། ཆོས་འབྱུང་སེར་པོ་གྲུ་གསུམ་གྱི་སྟེང་དུ་མཉྫི་ལ་འགོད་པ་སོགས་བཤོམ་གཞན་དང་འདྲ། མཆོད་པ་བྱིན་རླབས་དང༌། སྐྱབས་སེམས་ཚད་མེད་བཞི་རྣམས་སྤྱི་དང་འདྲ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལ་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ་པད་ཉི་ལ་ཚོགས་བདག་ཕོ་མོ་བསྒྱེལ་བའི་སྟེང་དུ། ཧཱུཾ་སེར་པོ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སེར་ལ་ཅུང་ཟད་དམར་བའི་མདངས་ཅན། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་སེར་བ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ་བ། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྒྱལ་མཚན། གསུམ་པ་ན་ཨུཏྤལ། གཡོན་གྱི་གཉིས་པ་ན་ནེའུ་ལེ་དང༌། གསུམ་པ་ཞགས་པ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ཚོགས་བདག་ཕོ་མོ་མནན་པ། སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས་པ། ཡུམ་ལྷ་མོ་དྲག་མོ་སྐུ་མདོག་དུད་ཁ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་


TNT15_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རང་དང་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཞིང་དབང་བསྐུར། སྐུ་གང་དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། གུ་རུ་མཧཱ་ཀཱ་ལ་ཀྵིཾ་ཨུཥྞི་ཥ་ཡ་ཡཀྵ་ཧཱུཾ། རཏྣ་གྲི་སིདྡྷི་ཧཱུཾ། པྲཛྙཱ་ཝརྡ་ནི་སྭཱཧཱ། ཞེས་ཅི་འགྲུབ་བཟླ། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། དབུ་རྒྱན་གྱི་བར་བདག་བསྐྱེད་དང་འདྲ་བ་ལས། རང་སེམས་ཞེས་པ་དང༌། རང་ཉིད་ཞེས་པ་བོར་བ་ནི་ཁྱད་པར་རོ། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྱད་མ་ཟློག་ཅིང་བསྲུང་བ་དང༌། །ཚེ་དང་བློ་གྲོས་ཀུན་འཕེལ་ཞིང༌། །ཞི་དང་རྒྱས་པའི་ལས་མཛད་པ། །བླ་མ་མགོན་པོ་ཁྱོད་ལ་འདུད། །ཞེས་པས་བསྟོད་ལ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བྱིན་རླབས་ནག་པོའི་མངོན་རྟོགས་དང་


TNT15_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། ཨོཾ་གུ་རུ་མཧཱ་ཀཱ་ལ་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་ཕུལ། གོང་ལྟར་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། སློབ་དཔོན་གྱིས་བྱ་བའོ། །སློབ་མ་རྣམས་ཀྱིས་ཡོན་དབུལ་བ་ལ་སོགས་པའི་སྔོན་འགྲོའི་བྱ་བ་མགོན་པོ་དཀར་ནག་གཉིས་ཀྱི་རྗེས་གནང་དང་འདྲ། རྗེ་གནང་དངོས་ལ་དམིགས་པ་འདི་བཞིན་དུ་མཛོད། ཅེས་བྱས་ལ། བླ་མ་མགོན་སེར་དུ་གསལ་བའི་ཞལ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་གསུངས་པའི་རྐྱེན་གྱིས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ནས། དབུ་བརྒྱན་གྱི་བར་སྒྲུབ་ཐབས་དང་འདྲ་བ་ལས། རང་སེམས་ཞེས་པ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཅེས་པ་དང༌། རང་ཉིད་ཅེས་པ་ཁྱེད་རང་རྣམས་ཞེས་འདོན་པ་སྤོ། ཡེ་ཤེས་པ་སྤྱན་དྲངས་ཏེ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པའི་མཐར། རོལ་ཆེན་བྱ་ཞིང༌། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨཿ ཞེས་བརྗོད་པ་རྣམས་ནི་ཁྱད་པར་རོ། །བླ་མའི་དཔྲལ་བ་ནས་ཨོཾ་ཡིག་དཀར་པོ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། བུམ་པའི་དབང་ཐོབ། མགྲིན་པ་ནས་ཨཱཿཡིག་དམར་པོ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། གསང་དབང་ཐོབ། ཐུགས་ཀ་ནས་ཧཱུཾ་ཡིག་སྔོན་པོ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་


TNT15_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ། གནས་གསུམ་ཆར་ནས་ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ་པར་མོས་པ་མཛོད། འདི་ལ་སྔགས་ཀྱི་བཟླས་ལུང་མི་དགོས། འཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་བླ་མ་མགོན་པོ་དབྱེར་མེད་དུ་གསལ་བའི་མཐའ་སྐོར་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཚོགས་ཀྱིས་བསྐོར་བར་མོས། རང་གི་སྤྱི་བོར་བྱོན། བླ་མ་མགོན་པོ་དབྱེར་མེད་ཀྱི་སྐུ་ཕྲ་མོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་དང་བཅས་ཏེ་བཀའ་བསྒོ་དྲག་ཏུ་བྱ། རྗེས་ཀྱི་བྱ་བ་དམ་ཚིག་བསྲུང་བར་ཁས་བླང་བ་སོགས་དང༌། རྗེས་ཆོག་ནི། མགོན་པོ་ནག་པོའི་རྗེས་གནང་གི་ཡི་གེ་བྲིས་ཟིན་པ་འདོན་པ་སྤོས་ལ་སྦྱར་བར་བྱའོ། །མགོན་སེར་འདི་དང༌། བླ་མ་མགོན་པོ་དབྱེར་མེད་སེར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཉིས་ལ་མགོན་སེར་བཀའ་གཉིས་ཞེས་ཟེར་ནའང༌། མགོན་སེར་དངོས་ནི་འདི་ཁོ་ནའོ། །ནོར་འཕེལ་བསྲུང་བ་ཀུན༵་གྱི་མཆོག །ཤེས་རབ་དག༵འ་བ་སྐྱེད་བྱེད་པ། །མགོན་སེར་སྒྲུབ་ཐབས་རྨད་བྱུང་བ། །ཤིན་ཏུ་དཀོན་པས་སྙིང༵་པོ༵ར་གྲིལ། །མགོན་སེར་བློ་འཕེལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །