མགོན་པོའི་སྒྲུབ་ཐབས།


TNT15_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སྤྱན་རས་གཟིགས་དབང་ཁྲོ་བོའི་སྐུ། །དབང་སྡུད་ལྷ་ལ་གུས་ཕྱག་འཚལ། །པདྨ་རཱ་གའི་འོད་འཕྲོ་བ། །མགོན་པོའི་སྒྲུབ་ཐབས་བྲི་བར་བྱ། །མགོན་བཀའ་བཞི་པ་མགོན་དམར་དབང་གི་རྒྱལ་པོའི་སྒྲུབ་ཐབས་དང་རྗེས་གནང་གི་རིམ་པ་ནི། མདུན་དུ་སྟེགས་བུ་ལ། མཎྜལ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ། པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བ་ལ། རྡོ་རྗེའི་ལྟེ་བར་ཧཱུཾ་དང༌། གྲི་གུག་གི་ལྟེ་བར་ཨཱཿས་མཚན་པ། དེ་ཙམ་འབྲི་མ་ཐུབ་ན་ཚོམ་བུ་དམར་པོ་བཀོད། དེའི་སྟེང་དུ་མཉྫི་ལ་ཐོད་པ་བདུད་རྩིས་གང་བའི་སྟེང་དུ། མེ་ལོང་ལ་སིན་དྷུ་ར་བཙུགས་ལ་བཀྲམ། དེ་ལ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་དབུས་སུ་རྡོ་རྗེ་ཧཱུཾ་དང༌། གྲི་གུག་ཨཱཿས་མཚན་པ། ཟུར་དྲུག་པོ་ལ་གཡས་སྐོར་གྱིས་ཧ་རི་ནི་ས་སྭཱཧཱ། ཞེས་པའི་ཡི་གེ་དྲུག་པོ་རྣམས་བྲི། སྟེང་དུ་དར་དམར་པོའི་གུར་ཕུབ། དེའི་གཡས་སུ་དཔལ་གཏོར་ནོར་གཟུགས་མ་དམར་པོ་ཤ་དང་བུ་རམ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་དང༌། འབུལ་གཏོར་དང་མཆོད་པ་སྤྱི་དང་མཐུན་པར་བཤམ། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་མཐིང་གའི་དབུས་སུ། པདྨ་དམར་པོ་དང༌། ཉི་མ། བགེགས་ཀྱི་རྒྱལ་པོ་ཁ་བུབ་ཏུ་བསྒྱེལ་བ་རྣམས་བརྩེགས་པའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་གྲི་གུག་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་མགོན་དམར་དབང་གི་རྒྱལ་པོའི་སྐུར་གྱུར་པ་ནི། པདྨ་རཱ་ག་ལྟར་དམར་ཞིང་ཞལ་གཅིག་ཕྱག་དྲུག་དང་པོ་གཉིས་གྲི་ཐོད་བཟུང་ནས་ཡུམ་


TNT15_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁྱུད་པ། བར་པ་གཉིས་ཅང་ཏེའུ་རྩེ་གསུམ་འཛིན་པ། ཐ་མ་ལྕགས་ཀྱུ་ཞགས་པ་བསྣམས། །སྤྱན་གསུམ་སྐྲ་སེར་གྱེན་དུ་བརྫཻས། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༌། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །སྟག་ལྤགས་གྲོལ་ཞིང་གཡོན་བརྐྱང་སྟབས། །མི་རུས་སྦྲུལ་དང་གཡེར་ཁས་བརྒྱན། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཡུམ་ཆེན་པདྨ་མཁའ་འགྲོ་མ། །ཆགས་པའི་ཉམས་ཅན་སྐུ་མདོག་དམར། །གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་མ། །གྲི་གུག་ཐོད་བཅས་ཡབ་ལ་འཁྱུད། །གཉིས་ཀའང་མེ་དཔུང་ཀློང་ན་བཞུགས། །གཙོ་བོ་ཡབ་ཡུམ་གྱི་མདུན་དུ་མཧཱ་ཀཱ་ལ་སྐུ་མདོག་ནག་པོ་གྲི་གུག་དང་ཐོད་པ་འཛིན་པ། གཡས་སུ་ཀྵེ་ཏྲ་པཱ་ལ་དམར་པོ་ཌཱ་མ་རུ་དང་སྡིགས་མཛུབ་མཛད་པ། རྒྱབ་ཏུ་ཛི་ན་མི་ཏྲ་ནག་པོ་གྲི་ཐོད་འཛིན་པ། གཡོན་དུ་ཊཱཀྐི་རཱ་ཛཱ་སེར་པོ་རྩེ་གསུམ་དང་སྡིགས་མཛུབ་མཛད་པ། ཕྱི་སྐོར་དུ་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཙོ་བོའི་ཐུགས་ཀར་རྡོ་རྗེ་ཧཱུཾ་གིས་མཚན་པ། ཡུམ་གྱི་ཐུགས་ཀར་གྲི་གུག་ཨཾ་གིས་མཚན་པ། རང་གི་སྙིང་ག་ནས་འོད་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མགོན་དམར་དབང་གི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ


TNT15_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སླར་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང་དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གཉིས་ཀ་ལ་འོད་དཔག་མེད་དང༌། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། རང་གི་སྙིང་གར་སྔགས་ཀྱི་འཕྲེང་བ་བསྒོམས་ལ། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་མ་གུ་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཞེས་པ་ནས། གཙོ་བོས་དབུ་བརྒྱན་གྱི་བར་བདག་བསྐྱེད་དང་འདྲ་བ་ལས་བདག་ཉིད་ཞེས་པའི་ཚིག་བོར་བ་ནི་ཁྱད་པར་རོ། །ཨོཾ་གུ་རུ་མཧཱ་ཀཱ་ལ་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། བླ་མ་མགོན་པོ་དབྱེར་མེད་བདེ་ཆེན་གསུང༌། །རྒྱལ་བ་ཀུན་གྱི་རང་བཞིན་འོད་དཔག་མེད། །ཆོས་རྗེ་འགྲོ་བའི་མགོན་མཛད་སྤྱན་རས་གཟིགས། །དབང་གི་སྐུར་སྟོན་ནག་པོ་ཆེ་ལ་བསྟོད། །མདུན་བསྐྱེད་ཀྱི་བཟླས་པའི་དམིགས་པ་གསལ་བཏབ་ལ། བཟླས་པ་ཅི་འགྲུབ་ཏུ་བྱ། གཏོར་མ་བྱིན་རླབས་ནག་པོའི་སྐབས་དང་འདྲ། སྙིང་པོའི་མཐར།


TNT15_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་དཾ་བཱ་ལིང་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཅེས་ཕུལ། གོང་བཞིང་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། འོག་ནས་འབྱུང་བ་ལྟར་སློབ་མ་བྱིན་རླབས་ཇི་ལྟར་བྱེད་པ་ཐམས་ཅད་རང་གིས་ཀྱང་བདག་འཇུག་གི་ཚུལ་དུ་དམིགས་པས་བླང་བར་བྱའོ། །སློབ་མ་རྣམས་ཀྱི་སྔོན་འགྲོའི་བྱ་བ་ཡན་ཆད་ནག་པོའི་སྐབས་དང༌། དེའི་རྗེས་སུ་སྙིང་གར་ཟླ་བའི་སྟེང་དུ། རྡོ་རྗེ་དཀར་པོ་རྩེ་ལྔ་པ་གསལ་བཏབ་ལ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ལན་གསུམ། གསང་སྔགས་འབྱུང་བ་དཀོན་པར་བསྟན་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམ་ཝ་རའི་མེ་ཏོག་ལྟར། །རྒྱ་ལམ་ན་ནི་རེས་འགའ་འབྱུང༌། །གསང་སྔགས་སྤྱོད་ཚུལ་འབྱུང་བ་ནི། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་བྱེད་པའོ། །ཞེས་བརྗོད། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་གཉིས་སུ་མེད་པར་ཐིམ། རོལ་ཆེན་བྱ། སྙིང་པོའི་


TNT15_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ཨ་བེ་ཤ་ཡ་ཨ་ཨ་ཨཿ ཞེས་ལན་བདུན་ནམ། ཉི་ཤུ་རྩ་གཅིག་ཙམ་བཟླ། དེའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་མགོན་དམར་དབང་གི་རྒྱལ་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་པོ། གྲི་ཐོད་ཌཱ་མ་རུ་རྩེ་གསུམ་ལྕགས་ཀྱུ་ཞགས་པ་རྣམས་འཛིན་པ། ཡུམ་པདྨ་མཁའ་འགྲོ་མ། གྲི་ཐོད་འཛིན་པས་འཁྱུད་པར་གྱུར། ལྷ་ངོ་བསྟན་པ་ནི། འདི་ན་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་བཞུགས་པ་ལགས་ཏེ། ཆོས་འབྱུང་མཐིང་ཁའི་དབུས་སུ་ནས། བརྩེགས་པའི་སྟེང་དུ་མགོན་དམར་དབང་གི་རྒྱལ་པོ་བཞུགས་པ་ནི། པདྨ་རཱ་ག་ལྟར་དམར་བ་ཞེས་པ་ནས། ཚོགས་ཐམས་ཅད་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱང་རྩ་བའི་བླ་མ་དང་དབྱེར་མེད་པར་མཛོད། དབང་གི་དངོས་གཞི་ནི། བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་པ་བྱས་པས། དེའི་སྤྱི་བོའི་ཨོཾ་དཀར་པོ་ལས་མགོན་པོ་སྐུ་མདོག་དཀར་པོ། སྐུ་ཆུང་ལ་ཡན་ལག་རགས་པ་དཔག་ཏུ་མེད་པ་བྱུང་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ་པར་གྱུར། རོལ་མོའི་སྒྲ་བྱ། ཡང་མགྲིན་པའི་ཨཱཿདམར་པོ་ལས་མགོན་པོ་སྐུ་མདོག་དམར་པོ། སྐུ་ཆུང་ལ་ཡན་ལག་རགས་པ་དཔག་ཏུ་མེད་པ་ཆད་ནས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསང་དབང་ཐོབ། རོལ་མོ། དེ་བཞིན་དུ་སྦྱར་


TNT15_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཐུགས་ཀའི་ཧཱུཾ་སྔོན་པོ་ལས། སྔོན་པོ་སྙིང་གར། རོལ་མོ། ཡང་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་དཀར་དམར་མཐིང་གསུམ། གནས་གསུམ་གར་དུ། ཚིག་དབང་རིན་པོ་ཆེ། རོལ་མོ། དེ་རྣམས་ཕྱིའི་དབང་བཞི་ལགས། དེ་ནས་ཡང་བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་པ་བྱས་པས། མགོན་པོ་ཡབ་ཡུམ་རང་གི་སྤྱི་བོར་བྱོན། བྱང་ཆུབ་སེམས་ཀྱི་ངོ་བོ་འོད་ཟེར་དུ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྨོན་མཚམས་ཡན་ཆད་གང༌། བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང༌། གསང་དབང་ཐོབ། ལྷེན་སྣ་ཡན་ཆད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང༌། ཚིག་དབང་རིན་པོ་ཆེ་བཞི་པ་ཐོབ་པར་མོས་མཛོད། དེ་དག་ནི་ནང་སྐུ་དངོས་ཀྱི་དབང་བཞིའོ། །གཏོར་མ་མགོན་པོར་གསལ་བའི་སློབ་མའི་སྤྱི་བོར་བཞག་ལ། ཨོཾ། གཟི་བརྗིད་དཔལ་འབར་མགོན་པོ་ཡབ་ཡུམ་སྐུ། །ངོ་མཚན་ལྷུན་གྲུབ་དམ་རྫས་གཏོར་མ་འདིས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མི་འགྱུར་རྡོ་རྗེའི་སྐུ་ལ་ལོངས་སྤྱོད་ཤོག །སྙིང་པོའི་མཐར། ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དེས་བུམ་པའི་དབང་བསྐུར་ཐོབ་པར་མོས་མཛོད། ཐོད་པ་བདུད་རྩིའི་གང་བ་མགྲིན་པར་གཏད། ཨཱཿ ཟབ་མོ་གསང་སྔགས་མགོན་པོ་ཡབ་


TNT15_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་མཚུངས། །བདེ་ཆེན་སྣོད་བཅུད་ཟག་མེད་བདུད་རྩི་འདིས། དམ་ལྡན༴ འགགས་མེད་ཚངས་དབྱངས་གསུང་ལ་ལོངས་སྤྱོད་ཤོག །ཀཱ་ཡ་བཛྲ་གྱི་གནས་སུ་ཝཱཀ་བཛྲ། གསང་དབང༌། སིན་དྷུ་རའི་དཀྱིལ་འཁོར་སྙིང་གར་གཏད་ལ། ཧཱུཾ། གཟུང་འཛིན་ཀུན་བྲལ་མགོན་པོ་ཡབ་ཡུམ་ཐུགས། །དྲི་མེད་སྣང་སྟོང་མེ་ལོང་ཡེ་ཤེས་འདིས། །དམ་ལྡན༴ རྣམ་དག་ཡེ་ཤེས་ཐུགས་ལ་ལོངས་སྤྱོད་ཤོག །ཙིཏྟ་བཛྲ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ། །འདི་སྐབས་སུ་ཡིག་རྙིང་ལས་མ་བཤད་ཀྱང༌། སློབ་མ་ལ་ནང་མཆོད་བླུད་པ་དང༌། སྙིང་གར་སིན་དྷུ་རའི་ཐིག་ལེ་རེ་མཛད་པ་ཕྱག་ལེན་ལ་སྣང་ངོ༌། །དེ་ནས་ཁྱེད་རང་རྣམས་རིག་པ་རྟེན་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིགཧོཿཆོས་དབྱིངས་མཐའ་བྲལ་སྤྲོས་པ་རབ་ཞིའི་ངང༌། །རང་རིག་ཡེ་ཤེས་ཏིང་འཛིན་ཀློང་ཡངས་འདིས། །དམ་ལྡན༴ ཆོས་དབྱིངས་ཡང་དག་དོན་ལ་ལོངས་སྤྱོད་ཤོག །ཛྙཱ་ན་བཛྲ། ཚིག་དབང་བཞི་པ་ཐོབ་པ་ཡིན་ནོ། །དེ་དག་ནི་གསང་བ་དམ་རྫས་ཀྱི་དབང་བཞི་ཡིན་ནོ། །བླ་མ་མགོན་པོ་དབྱེར་མེད་ཀྱི་ཐུགས་ཀ་ནས། སྔགས་ཀྱི་འཕྲེང་བའི་ཚོགས་རྣམས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ལ། འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་


TNT15_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །སླར་ཡང་མེ་ཏོག་རྣམས་སྔགས་ཀྱི་འཕྲེང་བར་བྱིན་གྱིས་བརླབས་ལ། ཁྱེད་རང་རྣམས་ལ་གཏོར་བས། སྔགས་ནུས་པ་མཐུ་ཅན་དུ་མོས་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང༌། ཞེས་སོགས། སློབ་མའི་རྗེས་ཀྱི་ཆོ་ག་རྣམས་ནི། བསོད་པ་སོགས་ཅུང་ཟད་འདོན་པ་སྤོས་པས། མགོན་ནག་གི་སྐབས་སུ་བཤད་པ་ཁོ་ནས་འགྲུབ་བོ། །མགོན་དམར་གྱི་སྒྲུབ་ཐབས་རྩ་བ་འདི་ཡིན་ཞིང༌། ཚེ་སྒྲུབ་ནི། འདིའི་ལས་ཁ་ཚར་ལྷ་ཡིན་པར་ཤེས་པར་བྱའོ། །དབང་སྡུད་ཀུན༵་ལས་ཆེས་དག༵འ་བ། །རྨད་བྱུང་སྒྲུབ་ཐབས་སྙིང༵་པོ༵་འདི། །ཡིག་རྙིང་མ་རྟོགས་ཕྱིས་བྱུང་གི །ལག་ལེན་དཀོན་ཕྱིར་བྲིས་པ་ཡིན། །མགོན་དམར་དབང་གི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །