མྱུར་མཛད་མགོན་པོའི་སྒྲུབ་ཐབས།


TNT15_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཚེ་དཔག་མེད་དང་སྤྱན་རས་གཟིགས། །མྱུར་མཛད་མགོན་པོ་ཞེས་བྱ་བ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །འདིར་མགོན་བཀའ་ལྔ་པ་མགོན་ལྗང་ཚེ་བདག་གི་སྒྲུབ་ཐབས་ནི། སྟེགས་བུའི་སྟེང་དུ་ཆོས་འབྱུང་ལྗང་ཁུ་མེ་རི་ཅན། དབུས་སུ་ལྷ་གྲངས་རང་མཉམ་པའི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་དཔལ་གཏོར་ནོར་གཟུགས་མ་རྒྱན་གྱིས་བརྒྱན་ལ་བཞག གཡོན་དུ་མཉྫིའི་སྟེང་དུ། ནང་མཆོད་ཀཱ་པ་ལ་བདུད་


TNT15_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་གང་བ་དང༌། དེའི་སྟེང་དུ་སིན་དྷུ་རའི་དཀྱིལ་འཁོར་མགོན་དམར་གྱི་སྐབས་དང་འདྲ་བར་བྲྀས་ལ། དར་ལྗང་གིས་གུར་ཕུབ། གཡས་སུ་བུམ་པ་སྤྱི་དང་མཐུན་པར་བཤམ། མཆོད་གཏོར་བཤམ་ཚུལ་སྤྱི་དང་འདྲ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། སྐྱབས་སེམས་ཚད་མེད་བཞི་རྣམས་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང༌། གཞལ་མེད་ཁང་ཕོ་བྲང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས། ཙནྡན་གྱི་ལྗོན་པའི་དྲུང་དུ། ཨེ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ལྗང་ཁུ། དེའི་དབུས་སུ་པཾ་ལས་པདྨའི་ལྟེ་བར་ཉི་མ་དང་བགེགས་ཀྱི་རྒྱལ་པོའི་གདན་ལ། རང་སེམས་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱིས་ཅང་ཏེའུ་དང༌། ཏྲི་ཤུ་ལ་འཛིན་པ། ཐ་མ་གཉིས་ཀྱིས་བགྲང་འཕྲེང་དང་ཞགས་པ་བསྣམས་པ། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་གྱེན་དུ་བརྫཻས་པ། མི་མགོའི་དབུ་རྒྱན་དང་དོ་ཤལ། རུས་པའི་རྒྱན་དྲུག་དང་སྟག་ལྤགས་དང་དྲིལ་བུ་གཡེར་ཁའི་འཕྲེང་བ་སོགས་


TNT15_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ། པང་དུ་ཡུམ་རྡོ་རྗེ་ཌཱ་ཀི་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན་གྱིས་འཁྱུད་པ། གཙོ་བོའི་མདུན་དུ་བུདྡྷཱ་ཌཱ་ཀི་དཀར་མོ་འཁོར་ལོ་དང་ཐོད་ཁྲག་འཛིན་པ། ལྷོ་རུ་རཏྣ་ཌཱ་ཀི་སེར་མོ། རིན་པོ་ཆེ་དང་ཐོད་ཁྲག་འཛིན་པ། ནུབ་ཏུ་པདྨ་ཌཱ་ཀི་དམར་མོ་པདྨ་དང་ཐོད་ཁྲག་འཛིན་པ། བྱང་དུ་ཀརྨ་ཌཱ་ཀི་ལྗང་ཁུ་རལ་གྲི་དང་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་མི་མགོའི་འཕྲེང་བ་ཅན་སྒེག་ཅིང་ཆགས་པའི་ཉམས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དེའི་ཕྱི་རོལ་དུ་མཁའ་འགྲོ་མ་འབུམ་སྡེ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་འཁོད་པར་གྱུར། ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་སྭཱ། གསང་གནས་སུ་ཧཱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་སྤྱན་དྲངས་ཤིང༌། ཁྱད་པར་ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཀྵཱིཾ་རིང་པོ་ཉི་ཤུ་རྩ་གཅིག་བརྗོད། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། དཔྲལ་མགྲིན་ཐུགས་ལྟེ་གསང་གནས་ནས།


TNT15_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་སྭཱཧཱའི་ཡིག་འབྲུ་ལས། །དཀར་དམར་མཐིང་སེར་ལྗང་བ་ཡི། །འོད་འཕྲོས་ཕྱོགས་བཅུ་ཀུན་ཁྱབ་པས། །རྒྱུད་དྲུག་སེམས་ཅན་སྡིག་སྒྲིབ་སྦྱངས། །སྐྱབས་གསུམ་ཐུགས་རྗེའི་མངའ་བདག་ཅན། །ཡེ་ཤེས་སྤྱན་དྲངས་མ་ལུས་མཆོད། །ཚེ་བདག་འཕྲིན་ལས་མགོན་པོར་གྱུར། །འཕྲོ་འདུ་འོད་ཟེར་ལྔས་བསྐུལ་ཏེ། །དབུས་འགྱུར་རང་བཞིན་མཆོག་སྒྲུབས་ནས། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །དཔལ་ལྡན་འབྱོར་བཅུ་ཚེ་ཡི་བདག །ཕྱག་དྲུག་ཡེ་ཤེས་མགོན་པོའི་ཚོགས། །དུར་ཁྲོད་བརྒྱད་དང་ཉེར་བཞི་ཡི། །དམ་ཅན་འཁོར་བཅས་འདིར་འདུས་ལ། །རྣལ་འབྱོར་བདག་ལ་མཆོག་སྩོལ་ཅིག །ཅེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་གའམ་གནས་ལྔ་ནས་འོད་ཟེར་འཕྲོས། དབང་གི་ལྔ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། བུདྡྷ་ཌཱ་ཀི་ལ་རྣམ་སྣང༌། རཏྣ་ཌཱ་ཀི་ལ་རིན་འབྱུང༌། པདྨ་ཌཱ་ཀི་ལ་


TNT15_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཐའ། ཀརྨ་ཌཱ་ཀི་ལ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན། གཏོར་མ་ནག་པོའི་མངོན་རྟོགས་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ལ། ཡེ་ཤེས་ཀྱི་ལྷ་ལ་དམིགས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྙིང་པོའི་མཐར། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། གུ་རུ་མཧཱ་ཀཱ་ལ་བཱི་ཤྭ་ཌཱ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད་པ་འབུལ། བླ་མ་མགོན་པོ་དབྱེར་མེད་འཕྲིན་ལས་སྐུ། །དུས་གསུམ་སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །ཕྱག་དྲུག་སྣ་ཚོགས་མཁའ་འགྲོ་ལ་ཕྱག་འཚལ། །ཞེས་བསྟོད། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་བཛྲ་མཧཱ་ཀཱ་ལ་ཧ་རི་ནི་ས་སརྦ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཛཿ ཞེས་ཅི་འགྲུབ་བཟླ། འདི་ལ་བདག་མདུན་དམིགས་པས་ཐ་དད་དུ་སྒོམ་པ་ཡིན་ནའང༌། བསྐྱེད་ཆོག་ཕྱོགས་གཅིག་ཏུ་མཛད་པ་ཡིན་པས། དེ་ཉིད་ཀྱིས་བདག་མདུན་གཉིས་ཆར་འགྲུབ་བོ། །བུམ་པའི་ནང་དུ་མྱུར་མཛད་མཁའ་འགྲོ་ལྔ་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར། རང་གི་སྙིང་ག་ནས་སྔགས་འཕྲེང་འོད་ཟེར་དང་བཅས་པ་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། སྔགས་ཀྱི་འོད་ཟེར་རྣམས་གཟུངས་ཐག་ལ་འཁྲིལ་ཞིང༌། བུམ་པའི་ནང་གི་བཅུད་ལ་ཐིམ། མདུན་


TNT15_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཀྱི་གནས་ལྔ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དྭངས་མ་རྣམས་བདུད་རྩིའི་རྣམ་པས་བཀུག་སྟེ་ཐིམ་པར་གྱུར། བུམ་པ་ལ་དམིགས་ནས་སྙིང་པོ་བརྒྱ་ཙམ་བཟླའོ། །འོག་ཏུ་སློབ་མ་ལ་ཇི་ལྟར་བྱེད་པའི་ཆོ་ག་རྣམས། སྐབས་འདིར་དམིགས་པའི་སྒོ་ནས་བདག་འཇུག་གི་ཚུལ་དུ་བླངས། སློབ་མའི་སྔོན་འགྲོའི་བྱ་བ། ཕྱག་འཚལ་ཁྲུས། མེ་ཏོག་བཀྱེ་བསྡུ། མཎྜལ་འབུལ་བ། གསོལ་བཏབ་རྣམས་མགོན་བཀའ་སྤྱི་དང་འདྲ། རྒྱས་པ་ལ་དགའ་ན། སྐྱབས་འགྲོ་སེམས་བསྐྱེད་གནང་བ་སྦྱིན་ལ། རྟོག་པ་བསྡུ་བ། ཡན་ལག་ལྔ་པ་རིགས་ལྔའི་སྡོམ་བཟུང་རྣམས་བྱ་ལ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གུར་ནས་འབྱུང་བའི་ཡན་ལག་བདུན་པ་ཁོ་ནས་འགྲུབ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་མགོན་དམར་གྱི་སྐབས་ནས་འབྱུང་བ་བཞིན་བརྗོད། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པའི་དཀྱིལ་འཁོར་གསལ་འདེབས་པ་ནི། ཨོཾ་སྭ་བྷཱ་ཝ་ནས། འཁོད་པར་གྱུར། ཞེས་པའི་བར་མངོན་རྟོགས་བཞིན་བརྗོད། དེ་ལྷ་ངོ་བསྟན་པའི་དོད་ཡིན་ནོ། ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་མགོན་ལྗང་ཚེ་བདག་ཡབ་ཡུམ་དུ་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་སྭཱ། གསང་བར་ཧཱ། སློབ་དཔོན་གྱིས་གནས་ལྔ་ནས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་


TNT15_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་མཁའ་འགྲོའི་ཚོགས་དང་བཅས་པ། འུར་འུར། ཆེམ་ཆེམ་བྱོན་པ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། རོལ་ཆེན་དང་བཅས་པས་སྙིང་པོའི་མཐར། ཨ་བེ་ཤ་ཡ་ཨཱཿཨཱཿཨཱཿ ཞེས་བཏགས་ལ་དྲག་ཏུ་བཟླ། དེ་ཡེ་ཤེས་དབབ་པའི་དོད་ཡིན་ནོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་འབུལ་དུ་བཅུག་ལ། བླ་མ་དང་མགོན་པོ་དབྱེར་མེད་པས་བདག་ལ་དབང་བཞི་བསྐུར་དུ་གསོལ། ཞེས་གསོལ་བཏབ་ལན་གསུམ་རྗེས་ཟློས་བྱེད་དུ་བཅུགབུམ་བསྐྱེད་ཀྱི་ལྷའི་དཔྲལ་བ་ནས། བདུད་རྩིའི་རྒྱུན་དཀར་པོ་བྱུང་ནས། ཁྱེད་རང་རྣམས་ཀྱི་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུས་པར་མོས་མཛོད། བཀྲ་ཤིས་ཚེ་བརྟན་རྣམ་རྒྱལ་བུམ་བཟང་ན། །ཉོན་མོངས་གཏི་མུག་ཡེ་ཤེས་དག་པའི་ལྷ། །རྒྱལ་བའི་འོད་གཟུགས་སྒྲིབ་བྲལ་ལོངས་སྐུ་བཞུགས། །ཕྱག་དྲུག་ཚེ་དཔག་མེད་མགོན་དབང་བསྐུར་བས། །མེ་ལོང་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །མི་ཤིགས་རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག །སྔགས་བཟླ་བཞིན་པས། བུམ་པ་དཔྲལ་བར་རེག་སྟེ། བུམ་ཆུ་བླུད། དེ་བཞིན་དུ་འོག་མ་རྣམས་ལའང་རིགས་བསྒྲེས་ཏེ། བུམ་བསྐྱེད་ཀྱི་མགྲིན་པ་ནས། བདུད་རྩི་དམར་པོ༴ ཉོན་མོངས་འདོད་ཆགས་དག་པའི་


TNT15_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྷ། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཞུགས། །རྩ་སྔགས་སྟོང་ཉིད་སྙིང་པོའི་དབང་བསྐུར་བས། །སོར་རྟོག་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ་ཤོག །མགྲི་པར་རེག་སྟེ༴ ཐུགས་ཀ་ནས་བདུད་རྩི་སྔོན་པོ༴ ཉོན་མོངས་ཞེ་སྡང་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཐུགས་མཆོག་དཔལ་གྱི་ཡེ་ཤེས་བཞུགས། །མི་འགྱུར་ལྷན་ཅིག་སྐྱེས་དགའ་དབང་བསྐུར་བས། །ཆོས་དབྱིངས༴ རྣམ་ཀུན་ཐམས་ཅད་མཁྱེན་པའི་དབང་ཐོབ་ཤོག །སྙིང་གར༴ ལྟེ་བ་ནས་བདུད་རྩི་སེར་པོ༴ ཉོན་མོངས་ང་རྒྱལ་ཡེ་ཤེས་དག་པའི་ལྷ། །རྒྱལ་བའི་ཡོན་ཏན་ཕན་བདེ་མཆོག་སྩོལ་བཞུགས། །ཆོས་ཀྱི་དབྱིངས་དང་རིག་པ་དབྱེར་མེད་པ། །མཉམ་ཉིད༴ མཐོང་ཐོས་དྲན་རེག་མྱུར་དུ་སངས་རྒྱས་ཤོག །ལྟེ་བར༴ གསང་བ་ནས་བདུད་རྩིའི་རྒྱུན་ལྗང་ཁུ༴ ཉོན་མོངས་ཕྲག་དོག་ཡེ་ཤེས་དག་པའི་ལྷ། །རྒྱལ་བའི་འཕྲིན་ལས་རྒྱུན་མི་འཆད་པས་བཞུགས། །ལྔ་ལྡན་གསང་རིག་གཟུངས་སྔགས་དབང་བསྒྱུར་ཏེ། །བྱ་སྒྲུབ་ཡེ་ཤེས་ཆེན་པོའི་དབང་བསྐུར་བས། །ལྷུན་གྲུབ་རབ་འབྱམས་རྒྱལ་བའི་ཞིང་ཐོབ་ཤོག །སྙིང་པོའི་སྔགས་བཟླ་བཞིན་དུ། གསང་བའི་ཕྱོགས་སུ་རེག་པ་ལྟར་བྱས། བུམ་ཆུ་བླུད། ཕྱི་


TNT15_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ལ་བུམ་ཆུ་འཐོར་བར་མཛད་པའི་ཕྱག་ལེན་ཡང་སྣང་ངོ༌། །དེ་དག་ནི་བུམ་པའི་དབང་ངོ༌། །སིན་དྷུ་རའི་དཀྱིལ་འཁོར་གྱི་མེ་ལོང་སྤྱི་བོར་གཏུགས། ཐོད་པ་བདུད་རྩིས་གང་བ་སྙིང་གར་རེག་སྟེ། རྒྱལ་བ་རབ་འབྱམས་རྒྱ་མཚོ་དབྱིངས་བརྒྱུད་པའི། །མཚན་ལྡན་ཐོད་པའི་བདུད་རྩིས་གང་བ་དང༌། །སྒྲིབ་བྲལ་སྣང་སྟོང་ཟུང་འཇུག་མེ་ལོང་ལ། །སིན་དྷུར་ཆོས་འབྱུང་མཁའ་འགྲོའི་གཞལ་ཡས་ནས། །བདེ་སྟོང་ས་བོན་ཕྱག་མཚན་རྩ་སྔགས་ལྷས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །རྩ་སྔགས་བརྗོད་ཅིང་སིན་དྷུ་རས་དཔྲལ་བར་ཐིག་ལེ་བྱ། ནང་མཆོད་བདུད་རྩི་སྦྱིན་ནོ། །དེ་ནི་གསང་བའི་དབང་ངོ༌། །དེ་ནས་འདི་སྐད་ཅེས་བརྗོད་དེ། གསང་ཡུམ་རྡོ་རྗེ་མཁའ་འགྲོ་མས། །ལྷ་མོ་སྤྲོས་ཏེ་བུ་ལ་གཏད། །སྙོམས་པར་ཞུགས་པའི་བདེ་བས་གང༌། །ཐབས་དང་ཤེས་རབ་དབྱེར་མེད་གྱུར། །གང་འདུལ་ལྷ་སྐུ་མཐའ་ཡས་སུ། །སེམས་ཅན་དོན་དུ་བྱེད་གྱུར་ཅིག །རྩ་སྔགས་བརྗོད་ལ། དེའི་དོན་སྒོམ་དུ་གཞུག་གོ །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །ཕྱག་རྒྱ་ཆེན་པོའི་དོན་སྒོམ་དུ་བཅུག་སྟེ། སྤྲོས་པའི་མཐའ་བྲལ་གཅེར་མཐོང་རང་རིག་འདི། །ནམ་མཁའ་ཆོས་ཀྱི་དབྱིངས་དང་མཉམས་སྦྱོར་བ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མ་རིག་འཁོར་བ་


TNT15_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་རྒྱུད་དྲུག་དང༌། །འཁྲུལ་རྟོགས་ཉོན་མོངས་དུག་ལྔ་རྩད་ཆོད་ནས། །སྐྱབས་གསུམ་ཀུན་འདུས་གོ་འཕང་མཆོག་ཐོབ་ཤོག །ཨོཾ་དྷ་རེ་དྷ་རེ་དྷ་ར་ཎ་བྷ་ཏེ་སྭཱཧཱ། ཞེས་མེ་ཏོག་གཏོར། རྒྱས་པ་ལ་སྤྲོ་ན། བཀྲ་ཤིས་བཀའ་རྒྱ་མ་བརྗོད་ཅིང༌། མདོར་བསྡུ་ན། ཉིན་མོ་བདེ་ལེགས་སོགས་ཤོ་ལོ་ཀ་གཅིག་བརྗོད། གཏོར་མའི་བཀའ་བསྒོ་མགོན་སེར་གྱི་སྐབས་སུ་བཤད་པ་ལྟར་བྱ། དེ་ནས་སྔགས་ཀྱི་བཟླས་ལུང་བྱ་སྟེ། སྔགས་རང་གི་ཁྱད་མ་གཏོགས་མགོན་དམར་གྱི་སྐབས་སུ་བཤད་པ་བཞིན་ནོ། །སློབ་མའི་རྗེས་ཀྱི་ཆོ་ག་དང༌། དཀྱིལ་འཁོར་གྱི་རྗེས་ཀྱི་ཆོ་ག་རྣམས་ནི་མགོན་ནག་གི་སྐབས་སུ་བརྗོད་ཟིན་པ་ལྟར་རོ། །ཀུན༵་ནས་ཟབ་མོའི་ཚེ་སྒྲུབ་སྟེ། །བར་ཆད་བསྲུང་ཐབས་དག༵འ་བའི་ཏོག །མགོན་ལྗང་སྒྲུབ་ཐབས་སྙིང༵་པོ༵་འདི། །གཞན་ལ་ཕན་ཕྱིར་སྦྱར་བ་ཡིན། །མགོན་ལྗང་ཚེ་བདག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །