མགོན་དམར་རྐང་གླིང་ཅན་གྱི་སྒྲུབ་ཐབས།


TNT15_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་ནི་ལྷག་པའི་ལྷར། །རབ་ཏུ་བཏུད་ནས་རྒ་ལོ་ཡིས། །ལྷོ་བ་སྤྲེའུ་སྟོན་ལ་གནང་བའི། །མགོན་པོའི་སྒྲུབ་ཐབས་བཤད་པར་བྱ། །སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཕྱག་བཞི་པ་རྒ་ལོའི་ལུགས་ལྟར་བྱས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་མཐིང་ཁ། རྭ་ཕྱོགས་མདོག །ལྟེ་བར་པདྨ་འདབ་མ་བཞི་པ། དེའི་ལྟེ་བར་ཆོས་འབྱུང༌། སྔོན་པོ་ཐིག་ལེའི་རང་བཞིན་ཅན་གྱི་ནང་དུ་རང་སེམས་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱི་འཕྲོ་འདུ་ལས། ཧཱུཾ་ཡིག་བྱི་རུའི་མདོག་ཅན། དེ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། ཞབས་གཉིས་བུ་ཆུང་གི་འདུག་སྟངས་བྱ་བ་ཙོག་པུའི་ཚུལ་ལམ་རོལ་པས་བཞུགས་པ། རུས་པ་དང༌། རིན་པོ་ཆེ་དང༌། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་སྨད་དཀྲིས་ཅན། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་དང༌། གཡས་མི་རྐང་གི་གླིང་བུ་དེར་བཙུགས་ཏེ་བསྣམས་པ། ཡུམ་དགྲ་ཟོར་


TNT15_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གནས་གསུམ་བྱིན་རླབས་ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་ཞིང་བདེ་མཆོག་ལྷན་སྐྱེས་ཀྱིས་རྒྱས་གདབ་བྱ། པདྨའི་ཤར་གྱི་འདབ་མ་ལ། ཨེ་ཀ་ཛ་ཊི་དམར་མོ། རྩེ་གསུམ་མི་སྙིང་ཐོད་རློན་ལྕགས་སྤྱང་རྣམས་འཛིན་པ། བོང་བུ་གྭ་དམར་ལ་ཆིབས་པ། ཕྱོགས་ཀྱི་རྡོ་རྗེའི་རྭ་རྣམས་ལ། ཤར་དུ་བདུད་མགོན་བྱ་རོག་གདོང་ཅན་གྲི་ཐོད་འཛིན་པ། ལྷོར་བཙན་མགོན་བྱ་རོག་གདོང་ཅན། དགྲ་ཟོར་དང་མི་སྙིང་འཛིན་པ། ནུབ་ཏུ་གནོད་སྦྱིན་བྱ་རོག་གདོང་ཅན། ལྕགས་ཀྱུ་འཛིན་ཞིང་རྐང་གླིང་འབུད་པ། བྱང་དུ་གྱིང་མགོན་བྱ་རོག་གདོང་ཅན། བཾ་ཀླད་ལ་བསྐོར་ཞིང་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་དམར་པོ་རལ་གྲིའི་གཤོག་པ་ཅན། པུས་བཙུགས་ཀྱིས་གནས་པའོ། །རྐང་གླིང་གི་ནང་དུ་བསྒྲུབ་བྱ་སྤྱིའུ་ཚུགས་སུ་གནས་པ། རང་གི་སྙིང་གའི་སྔགས་ཀྱི་འོད་ཟེར་བསྒྲུབ་བྱའི་བཤང་ལམ་ནས་ཞུགས་ཤིང་གཟིར་བས་སྣ་བུག་ནས་ཁྲག་རྒྱུན་བབས། ཐོད་པ་ཁེངས་ཏེ་ལུད། འཇིག་རྟེན་གྱི་ཁམས་ཐམས་ཅད་བདུད་རྩིར་བྱས། བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་མཆོད་པར་བསམས་ལ། ཨོཾ་བཛྲ་ཀི་ཀ་ཝུ་ཝ་པུ་ཏྲཾ་ཀཱི་ལ་ཝ་པ་ཌཱ་ཀྀ་ནཱི་ཧཱུཾ་ཕཊ། ཅེས་དྲག་ཏུ་བཟླ། གཏོར་ཆོག་སོགས་མགོན་པོ་ནག་པོས་རིགས་འགྲེའོ། །


TNT15_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྗེས་གནང་ནི། མཎྜལ་དམར་པོ་གྲུ་གསུམ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་ཅན་གྱི་དབུས་སུ་གཏོར་མ་ཟན་ཟླུམ་པོ་ཉིས་རྩེག་གི་ངོས་བཞིར་མི་མགོ་རེ་རེ་ཡོད་པ་སྟེང་དུ་བཤོས་བུ་གྲུ་གསུམ་ལ་ཙ་ཀ་ལི་བཙུགས། མཐའ་མཐེབ་ཀྱུས་བསྐོར། བདུད་རྩི་དང་རཀྟ་ཡང་བླུགས། དཀྱིལ་འཁོར་གྱི་མཐའ་ལ་མཆོད་པ་བཤམ། གཏོར་མ་གཞན་མི་དགོས། བདག་མདུན་གཉིས་ཀར་ལྷན་ཅིག་ཏུ་བསྐྱེད། གཏོར་འབུལ་བྱས་ནས། བདག་མདུན་གཅིག་ཏུ་བསྲེས་ལ་བཟླས་པ་བྱའོ། །རྗེས་གནང་གི་ངོ་བོ་ཕྱག་བཞི་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་འདྲ་བ་ལས། དབང་བསྐུར་མི་དགོས། གཏོར་དབང་གི་ཚེ་བཀའ་བསྒོའི་མཐར། མགོན་པོའི་གནས་གསུམ་ནས་འོད་ཟེར་འཕྲོས་ནས། སློབ་མའི་གནས་གསུམ་དུ་ཐིམ་པར་མོས་ལ། སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་མའི་གནས་གསུམ་དུ་གཏུགས་པ་ནི་ཁྱད་པར་རོ། །ཀུན༵་ཏུ་འདུས་ཤིང་ངོ་མཚར་བ། །རྒ་ལོའི་ཞལ་གཟིགས་ཡིད་དག༵འི་གནས། །སོ་སོའི་སྐལ་བ་དང་འཚམས་པ། །སྙིང༵་པོ༵་ཙམ་ཞིག་གསུངས་འདི་ཀོ །མགོན་དམར་རྐང་གླིང་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །