ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་དགོས་སྒྲུབ་དང་འབྲེལ་བའི་སྒྲུབ་ཐབས།


TNT15_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཕྱག་བཞི་ནག་པོ་ཆེན་པོ་ལ། །གུས་པས་བཏུད་ནས་ཐོད་ནག་སོགས། །དྲག་ལས་ཀུན་ལ་ཉེར་འཁོ་བའི། །ལས་མགོན་སྒྲུབ་ཐབས་གཏོར་དབང་བཤད། །བདག་ཉིད་ཡི་དམ་ཁྲོ་བོ་ཆེན་པོའི་རིགས་གང་ཡང་རུང་བའམ། ཡེ་ཤེས་མགོན་པོའི་བདག་བསྐྱེད་ལ་གནས་པས་ཀྱང་རུང་སྟེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང༌། རང་གི་མདུན་དུ་ཞིང་གསར་རྙིང་ཐོད་པ་སྐམ་རློན་ཀེང་རུས་སྔོ་སྐྱ་སྦྲུལ་གདུག་པ་རྣམས་བརྩེགས་པའི་གཞལ་ཡས་ཁང་ཟུར་གསུམ་པ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་གི་སྟེང་སྤྲིན་ནག་འཁྲིགས་པ། གློག་དང་མེ་ལྕེ་འབར་བས་བརྒྱན་པ། འབྲུག་སྒྲ་མི་བཟད་པ་སྒྲོག་པ། གནམ་ལྕགས་འབར་བ་འཆར་བཞིན་འབབ་པ་དང༌། མེའི་སེར་བ་རྡོ་རྗེའི་དབྱིབས་ཅན་འདྲེས་པར་འབབ་པ། ཕྱོགས་ཐམས་ཅད་ཀྱང་བསྐལ་པའི་མེ་ཆེན་པོ་འཚུབ་ཅིང་འཁྱིལ་བ། འོག་གཞི་ཐམས་ཅད་ཞིང་གི་ལྷུ་དུམ་དང༌། མཾ་ས་འཆོལ་བའི་ས་གཞི་ལ་ཁྲག་ཆེན་གྱི་ལྟེང་ཀས་བརྒྱན་པ། བྱ་ཤ་ཟན་མཆུ་སྡེར་མ་རུངས་པ་ཅན་དང༌། གཅན་གཟན་ཁྲག་འཐུང་མཆེ་སྡེར་མ་རུངས་པ་ཅན་གྱིས་གང་བས་དུར་ཁྲོད་ཀྱི་གཞལ་ཡས་ཁང་འཇིགས་ཤིང་ཀྱི་གཡའ་བ། དེའི་དབུས་སུ་པཾ་ལས་ཆུ་སྐྱེས་སྔོ་ནག་འདབ་མ་གསུམ་


TNT15_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེའི་དབུས་སུ་ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ལས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་མིའུ་ཐུང་གི་རྣམ་པ་ཞལ་གཅིག་ཕྱག་གཉིས་ཡན་ལག་ཐུང་ཞིང་རགས་པ། རྡོ་རྗེ་གནམ་ལྕགས་ཀྱི་མཆུ་དང་ལྡན་པའི་བྱ་རོག་གི་གདོང་ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་པ། གཡས་རྡོ་རྗེ་གྲི་གུག་འབར་བའི་མེ་འདྲ་བ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ཞིང་ཞལ་དུ་རྔུབ་པ། སྨ་ར། སྨིན་མ། དབུ་སྐྲ། ཨག་ཚོམ་གྱེན་དུ་འབར་བ། ཞལ་ཤིན་ཏུ་གདངས་པ་ཁ་རླངས་མེ་རླུང་དུ་འཚུབས་པ། ཁྲག་གི་རྒྱུན་ཆེན་པོ་འབབ་པ། མཆེ་བ་རྣོན་པོ་གཙིགས་ཤིང་རྔམ་པའི་ང་རོ་སྒྲོག་པ། བརྐྱང་བསྐུམ་གྱི་དོར་སྟབས་ཅན་དུ་སྦྲུལ་ནག་པོས་བརྒྱན་ཞིང༌། ཐོད་སྐམ་ལྔའི་དབུ་རྒྱན་པ་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྐྲ་མཚམས་ནས་རྡོ་རྗེའི་བྱ་ཁྱུང་སྤྲོ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། ཞབས་བརྡབས་པས་དགྲ་བོ་གདུག་སེམས་ཅན་གྱི་མགོ་བོ་འགེམས་པ། འཁོར་ནག་པོ་བྱ་རོག་གདོང་ཅན་སྟོང་དང༌། ཤ་ཟ་འབུམ། ལྷ་སྲིན་སྡེ་བརྒྱད། སྤྲུལ་པ་མགོ་བརྙན།


TNT15_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤྲུལ་མཆུ་སྡེར་ཅན་གྱི་འདབ་ཆགས་དང༌། གཅན་གཟན་གདུག་པའི་ཚོགས་དང༌། ཁྱད་པར་གདུག་པའི་ཀླུ་མཐིང་ནག་སྤུ་གྲི་དང་སྦྲུལ་ཞགས་ཐོགས་པ་སོགས་དཔག་ཏུ་མེད་པས་བསྐོར་བ། གཙོ་བོའི་ཐུགས་ཀར་ཉི་མ་ཟུར་གསུམ་པ་ལ་ཧཱུཾ་སྔོན་པོ་དང༌། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དུར་ཁྲོད་བསིལ་བའི་ཚལ་ནས་ལས་ཀྱི་མགོན་པོ་ནག་པོ་སྟོང་གི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། ཨོཾ་མཧཱ་ཀཱ་ལ་ཀཱ་ཀ་མུ་ཁ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་མཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང༌། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྤྱི་བོར་གཏུགས་པས་དམ་ལ་བཞགབཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་བཛྲ་མཧཱ་ཀ་ལ་གུ་ཎ་ཧྲི་ད་ཧཱུཾ་ཕཊ། ཅེས་པས་མགོ་དྲངས་ཏེ། ཨོཾ་མཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་མཧཱ་ཀཱ་ལ་སིདྡྷི་ཡ་མ་དུ་མ་ཛཿ ཨོཾ་མཧཱ་ཀཱ་ལ་ཀཱ་ཀ་མུ་ཁ་ཧཱུཾ་ཕཊ། ས་མ་ཡ་སྲོག་དུན་དུན་བྲེང་བྲེང་ཛ་ཛ། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཀྱི་སྲོག་ལ་ཡ། རུ་རུ་ཙ་ལ་ཡ། མཧཱ་ཀཱ་ལ་ཏྲཀ་སརྦ་ཤཱ་ཏྲུ་ན་མཱ་ར་ཡ་ཕཊ། ཅེས་ཅི་ནུས་སུ་བཟླས། གཞི་སྙིང་གཅིག་ཏུ་གྲིལ་བའི་སྔགས་ཀྱང་དོན་གྱི་ལས་མགོན་ཉིད་ཀྱི་སྔགས་ཡིན། གཏོར་མའི་ཆོ་ག་ནི། ཡེ་ཤེས་མགོན་པོའི་སྒྲུབ་ཐབས་ཉིད་ཀྱི་རིགས་འགྲེ་ཞིང་བསྟོད་པ་ནི། རྒྱས་པ། དུར་


TNT15_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཆེན་པོ་བསིལ་བའི་ཚལ། །ཞེས་སོགས་སམ། བསྟོད་ཐུང་ཤོ་ལོ་ཀ་གཅིག་པས་བསྟོད་ཀྱང་རུང༌། འདི་ཉིད་སློབ་མ་རྗེས་འཛིན་གྱི་བྱ་བ་ནི། སྔོན་འགྲོ་ཡེ་ཤེས་མགོན་པོའི་སྐབས་དང་འདྲ། དངོས་གཞི་སློབ་དཔོན་ཡི་དམ་གྱི་ངོ་བོ། སློབ་མ་ཡེ་ཤེས་ཀྱི་མགོན་པོར་བསྐྱེད། མདུན་གྱི་གཏོར་མ་ལས་ཀྱི་མགོན་པོར་བསྐྱེད་ལ་སྤྱན་འདྲེན་བྱ། དེ་ནས་སྔགས་ཀྱི་བཟླས་ལུང་སྦྱིན། གཏོར་མ་ལག་ཏུ་གཏད་ནས་བཀའ་བསྒོ་བྱེད་པ་ཡིན། འདིའི་གཏོར་དབང་ཁོ་ན་བྱེད་ན། ཡེ་ཤེས་མགོན་པོའི་སྐབས་ཀྱི་དེ་ཉིད་འདོན་པ་སྤོས་ཀྱང་རུང༌། བཅའ་གཞི་ཇི་ལྟར་བྱེད་ཚུལ་ནི། ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རི་ཅན། དབུས་སུ་ལྷ་མཚན་གྲི་གུག་ཡོད་པ་ཞིག་བྱ། དེའི་སྟེང་དུ་དམར་གཏོར་གྲུ་གསུམ། མདུན་དུ་འབུལ་གཏོར་གྲུ་གསུམ་གསུམ་བསྒྲིགས་གཅིགམཐའ་མཆོད་པས་བསྐོར། དབུས་ཀྱི་དམར་གཏོར་ཆེན་པོ་དེ་ལ་མདའ་དར་འཛུགས་ཤིང༌། ཙ་ཀ་ལི་ཡོད་ན་འདོགས། རྗེས་ཆོག་གི་ཚེ། ཡེ་ཤེས་པ་བཏེག་ནས་གཏོར་མ་དེ་ཉིད་ཀྱང་འབུལ་ལོ། །མངོན་སྤྱོད་སྦྱོར་བས་དགྲ་བགེགས་ཀུན༵། །འཛོམས་མཛད་ལས་ལ་དག༵འ་བའི་ལྷ། །གང་དེའི་སྒྲུབ་ཐབས་རྗེས་གནང་གི །མན་ངག་སྙིང༵་པོ༵་གསལ་པོར་བཀོད། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་དགོས་སྒྲུབ་དང་འབྲེལ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །