བསྟན་སྲུང་ལེགས་ལྡན་ནག་པོ་ཡི་སྒྲུབ་ཐབས།


TNT15_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་ཀུན་ལ་ཕྱག་འཚལ་ནས། །བསྟན་སྲུང་ལེགས་ལྡན་ནག་པོ་ཡི། །སྒྲུབ་ཐབས་ཅུང་ཟད་བཤད་བྱ་སྟེ། །བགེགས་དང་བར་ཆད་ཞི་བར་མཛོད། །ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས་ཆོས་འབྱུང་མཐིང་ནག་ཕྱི་རོལ་དུ་ཟླུམ་སྐོར་ཐོད་རྭ་མེ་རི་དང་བཅས་པ་ཞིག་བྲི། མཐའ་མཆོད་གཏོར་གྱིས་ཚང་བར་བསྐོར། ཡི་དམ་མཁའ་འགྲོའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་མགོན་པོ་སྤྱི་དང་མཐུན་པའམ། ཡི་དམ་ལྟར་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བས་བསྐོར་བའི་གཞལ་ཡས་ཁང་ནང་ཐོད་མཁར་འབར་བ། དེའི་དབུས་སུ་པད་ཉི་དང་དགྲ་བགེགས་ཀྱི་བམ་ཆེན་བསྣོལ་བའི་སྟེང་དུ་ཀྵ་ཡིག་འོད་ཀྱི་འཕྲོ་འདུ་ལས། ལེགས་ལྡན་ནག་པོ་སྲེད་མེད་ཀྱི་བུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་ཙནྡན་གྱི་བེང་ཆེན་ནོར་བུས་སྤྲས་པ་འཛིན་པ། བེང་སྟོད་ནས་མེ་འབར་ཞིང་བེང་སྨད་ནས་ཆུ་འབྲུབ་པ། བེང་གི་


TNT15_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ལྷ་དང་ལྷ་མ་ཡིན་གྱི་དམག་ཚོགས་འགྱེད་པ། གཡོན་པས་ལྕགས་ཀྱི་པར་བུ་ནད་སྣ་ཚོགས་ཀྱིས་གང་བ་དཀུ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ། ཟ་འོག་གི་བེར་ཆེན་སྐུ་ལ་གསོལ་ཞིང༌། གསེར་གྱི་སྐ་བོ་ཆེ་བཅིངས་པ། ཞབས་ལ་སག་ཏིའི་ལྷམ་གསོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་གྱིས་བརྒྱན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དགྲ་བགེགས་ལ་སྡང་མིག་ཏུ་གཟིགས་པ། མཆེ་བ་གཙིགས་ཤིང་ལྗགས་འགྲིལ་བ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གཡོན་དུ་བྷྱོཿལས་དཔལ་ལྡན་ལྷ་མོ་རེ་མ་ཏཱི་སྐུ་མདོག་སྨུག་ནག་ཁྲམ་ཤིང་དང༌། ནད་རྐྱལ་འཛིན་པ་དྲཻའུ་རྟ་རྐང་གསུམ་ལ་ཆིབས་པ། མཐའ་སྐོར་དུ། ནག་པོ་སྟོང་ལྷ་མ་སྲིན་སྡེ་བརྒྱད། མ་མོ་ཆེན་མོ་བདུན་འཁོར་དང་བཅས་པས་ཡོངས་སུ་བསྐོར་བའོ། །ཡེ་ཤེས་པ་སྤྱན་འདྲེན་ནམ། མཆོད་བསྟོད་གྱི་མཐར་ཐུག་པའི་བར་འདི་ཉིད་ཀྱི་མཆོད་ཆོག་སྣ་ཚོགས་ནས་འབྱུང་བ་བཞིན་ཅི་རིགས་བྱ་བ་ཡིན་མོད་ཀྱི། དོན་གྱི་གཙོ་བོ་ལ་ཁྱད་པར་མེད་ཅིང༌། ཆོ་གའི་ངོ་བོ་ཐམས་ཅད་གཅིག་པ་ཡིན་པས། མགོན་པོ་སྟག་ཞོན་གྱི་སྐབས་སུ་བཤད་པ་ལྟར། འདོན་པ་སྤོས་པ་ཁོ་ནས་ཆོག་པ་ཡིན་ནོ། །སྙིང་པོ་ནི།


TNT15_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མཧཱ་ཀཱ་ལ་རཀྵ་དུ་བེང་ཎི་ཛཿ ཞེས་པའོ། །ལས་སྔགས་ནི། ཨོཾ་བཛྲ་ཡཀྵ་དེ་བ་མཧཱ་ཀཱ་ལ་ཁ་ཀྲོ་དྷ་ཧཱུཾ། ས་མ་ཡ་ཛ་ཛཿ ཐུན་ཀ་ལ་རཀྵ། ཎི་ཛ་རྦད། ཅེས་པ་སྟེ་ཅི་ནུས་སུ་བཟླའོ། །གཏོར་མའི་ཆོ་ག་ཡང་སྟག་ཞོན་གྱི་དེ་ཉིད་འདོན་པ་སྤོས་པས་ཆོགབསྟོད་པ་རྒྱས་པ་ཤིན་ཏུ་མང་ན་ཡང༌། མདོར་བསྡུ་ན། ཧཱུཾ། བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། །ཡང་དག་ཡེ་ཤེས་སྐུ་གཅིག་བྱུང་བ་ནི། །མགོན་པོ་བེང་མ་གསང་བའི་སྐུར་བསྟན་པ། །མི་འགྱུར་ཁྲོ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་མོ་གཤིན་རྗེའི་ལྕམ་གཅིག་བདུད་ཀྱི་ཡུམ། །ལྷ་སྲིན་སྡེ་བརྒྱད་གནོད་སྦྱིན་མ་མོ་དང༌། །དེད་དཔོན་ནག་པོ་སྟོང་གི་ཚོགས་བཅས་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད་པར་བགྱི། །ཞེས་པའོ། །རྗེས་གནང་གི་ཆོ་ག་ཡང་སྟག་ཞོན་གྱི་སྐབས་ཉིད་འདོན་པ་སྤོ་བ་ཡིན་ནོ། །ཀུན༵་ནས་གནོད་སྦྱིན་མགོན་པོ་ཞེས། །བྱང་ཕྱོགས་བསྟན་སྲུང་དག༵འ་བར་བསྔགས། །ལས་ཚོགས་རྒྱ་མཚོ་སྒྲུབ་འདོད་པས། །འཇུག་སྒོའི་སྙིང༵་པོ༵་འདི་བཞེས་ཤིག །དཔལ་མགོན་པོ་བེང་བཀའ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།