མགོན་པོ་ཨཾ་གྷོ་རིའི་སྒྲུབ་ཐབས།


TNT15_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཧེ་རུ་ཀ་ལ་བཏུད་བྱས་ནས། །དེའི་བཀའ་གཉན་དྲག་གཏུམ་མཆོག །ལེགས་ལྡན་མགོན་ལ་བཏུད་བྱས་ནས། །སྒྲུབ་ཐབས་ངོ་མཚར་ཅུང་ཟད་བྲི། །མཆོད་གཏོར་བཤམས་ལ། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བསྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པ། ནང་གྲུ་གསུམ་མཐིང་ནག་པདྨ་འདབ་བརྒྱད་དང་བཅས་པ། ཉི་མའི་དཀྱིལ་འཁོར། རུ་ཏྲ་ནག་པོ་གན་རྐྱལ་དུ་བསྒྱེལ་བའི་གདན་དང་བཅས་པ། དེའི་སྟེང་དུ་ཧཱུཾ་ལས་བེང་ཆེན་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཨཾ་གྷོ་ར་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཙནྡན་གྱི་བེང་ཆེན་དང༌། གཡོན་ཐོད་ཁྲག་དཀུ་ལ་བརྟེན་པ། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་རལ་པ་ཁམ་ནག་གྱེན་དུ་བརྫཻས་པ། ཁྲག་དང་རྒྱུ་མ་ཞལ་དུ་


TNT15_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཞིང༌། དར་ནག་གི་འཇོལ་བེར་བསྣམས་ཤིང༌། གསེར་གྱི་སྐེ་རགས་བཅིངས་པ། སྦྲུལ་དང་རིན་པོ་ཆེའི་རྒྱན་ཅན། ཐོད་སྐམ་གྱི་དབུ་རྒྱན། བདུད་རིགས་ཀྱི་མགོ་བོའི་དོ་ཤལ་བྱས་པ། ཞབས་ལ་ཟངས་ཀྱི་ལྷམ་བུ་གསོལ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཐུགས་ཀ་ནས་ཧཱུཾ་དང་བྷྱོཿསྤྲོས་པ་ལས། གཡས་སུ་ཧཱུཾ་ལས་ལེགས་ལྡན་ནག་པོ། གཡས་ཙནྡན་བེང་ཆེན་འཕྱར་ཞིང༌། གཡོན་ཐོད་ཁྲག་གཙོ་བོ་ལ་སྟོབ་པ། གཙོ་བོ་དང་ཆ་ལུགས་མཚུངས་ཤིང༌། མི་རོའི་སྟེང་ན་འགྱིང་བའོ། །གཡོན་དུ་བྷྱོཿལས། དཔལ་ལྡན་ལྷ་མོ་སྐུ་མདོག་སྔོ་ནག་བོང་བུ་གྭ་དམར་ལ་ཞོན་པ། གཡས་རལ་གྲི་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། རྒྱན་དང་རྣམ་ཆ་རེ་མ་ཏཱི་སྤྱི་དང་འདྲ་བར་བསྐྱེད། དེའི་ཕྱི་རིམ་ལ། གཡས་སུ་མཁའ་འགྲོ་སྡེ་ལྔ། གཡོན་དུ་རྒྱལ་པོ་ཆེན་པོ་བཞི། ཤར་དུ་དྲང་སྲོང་ཀུན་དུ་རིག །རྒྱབ་ཏུ་གནོད་སྦྱིན་ནོར་བུ་བཟང་པོ། དེ་དག་གི་ཕྱི་རོལ་དུ། ཤར་དུ་སྲིན་པོ་སྟོང༌། ཤར་ལྷོར་མ་མོ་སྟོང༌། ལྷོ་རུ་གཟའ་བདུད་སྟོང༌། ལྷོ་ནུབ་ཏུ་བཙན་དམར་སྟོང༌། ནུབ་ཏུ་གྱིང་ཕོ་སྟོང༌། ནུབ་བྱང་དུ་སྨུ་བདུད་སྟོང༌། བྱང་དུ་བདུད་མོ་སྟོང༌། བྱང་ཤར་དུ་གཤིན་རྗེ་སྟོང༌། དེ་དག་གི་ཕྱི་རོལ་དུ་སྡེ་


TNT15_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ཚོགས་ཀྱིས་བསྐོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་རོལ་པའི་གནས་ནས། མགོན་པོ་འཁོར་བཅས་བཛྲ་ས་མཱ་ཛཿ ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དཔལ་ལྡན་མགོན་པོའི་ཚོགས། །འཁོར་དང་བཅས་པ་འདིར་བཞུགས་ཤིག །འབར་བའི་སྐུ་སྟོན་མཆོད་པ་བཞེས། །ཨོཾ་ཨཾ་གྷོ་ར་མཧཱ་ཀཱ་ལ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། ལྷ་མིན་གདུག་པའི་དམག་ཚོགས་གཡུལ་བཟློག་ཅིང༌། །སྟོབས་ལྡན་ལྷ་དམག་དཀར་པོ་འབུམ་དང་བཅས། །བགེགས་འདུལ་དཔལ་ལྡན་མགོན་པོ་འཁོས་བཅས་ལ། །དད་པའི་སེམས་ཀྱིས་བསྟོད་ཅིང་ཕྱག་འཚལ་ལོ། །ཨོཾ་ཨཾ་གྷོ་ར་མཧཱ་ཀཱ་ལ་ཡ་ཏི་སུ་ཛ་ཧོ་པྲ་ཏིཥ་ཧོ། ཞེས་ཕྱག་འཚལ་ལོ། །མཧཱ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། ཨོཾ་ཨཾ་གྷོ་ར་མཧཱ་ཀ་ལ་དུ་རི་སྭཱཧཱ་ཧཱུཾ་ཧཱུཾ། གཙོ་བོའི་སྔགས་སོ། །ཨོཾ་མཧཱ་ཀཱ་ལ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལས་མགོན་གྱིའོ། །མ་མ་རུ་རུ་ཙེ་རཀྨོ་ཙ་ལེ་བྷྱོཿཧཱུཾ་ཕཊ། ལྷ་མོའི་འོ། །གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། སྙིང་པོའི་མཐར་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་དང༌། སྤྱི་མཐུན་དུ་ཤཱ་ས་ན་དང༌། ཨ་ཀཱ་རོས་གཏོར་མ་ཕུལ། དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །


TNT15_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྡང་བའི་དགྲ་བགེགས་མ་ལུས་པ། །མ་རུངས་ཚོགས་རྣམས་མྱུར་དུ་རླག་པར་མཛོད། །སངས་རྒྱས་བསྟན་པ་བསྲུང་བའི་དུས་ལ་བབ། །ཞེས་འཕྲིན་ལས་གཞོལ། རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲ་ལ། རྗེས་གནང་བྱེད་པར་འདོད་པས། ཆོས་འབྱུང་གི་སྟེང་དུ་དཔལ་གཏོར་བཞགདེ་ལ་གྲི་སྙིང་དང༌། ཙ་ཀ་ལི་དང༌། དར་ནག་གི་འཕན་དང༌། སྟག་རས་སོགས་འཛུགས་པར་བཤད་ཀྱང༌། ཙ་ཀ་ལི་དང་འཕན་ཙམ་གདགས། འཕྲིན་ལས་བཅོལ་བ་ཡན་ཆད་གོང་བཞིན་བྱས་ལ། སློབ་མས་མཎྜལ་ཕུལ། སྐྱབས་འགྲོ་སེམས་བསྐྱེད་བྱ། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། རིགས་ལྔའི་སྡོམ་བཟུང་བྱེད། བགེགས་གཏོར་བཏང་སྟེ། སུམ་བྷ་ནིས་བགེགས་བསྐྲད། མདུན་བསྐྱེད་གསལ་བཏབ། ཡེ་ཤེས་པ་སྤྱན་འདྲེན་བྱ། གཏོར་མ་སྤྱི་བོར་བཞག་ལ། གཏོར་སྣོད་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་བདུད་རྩི་ལྔ། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །བུམ་པའི་དབང་མཆོག་ཐོབ་པར་ཤོག །སྙིང་པོའི་མཐར་བཱ་ལིཾ་ཏ་ཨ་བྷྀ་ཥིཉྩ་ཧཱུཾ། གཏོར་མའི་ལྷ་སློབ་མའི་ཚངས་བུག་ནས་ཐིམ་པས་སློབ་མ་མགོན་པོའི་སྐུར་གྱུར། ཐོད་པ་བདུད་རྩིའི་གང་བ་མགྲིན་པར་གཏད་དེ། བནྡྷ་བསམ་འཕེལ་ཡིད་བཞིན་ནོར་བུའི་སྣོད། །རང་བྱུང་བདེ་སྐྱེད་དམ་རྫས་བདུད་རྩི་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གསང་བའི་དབང་མཆོག་དམ་པ་ཐོབ་པར་ཤོག །


TNT15_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་མཐར་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུཾ། ནང་མཆོད་ནས་ཀྱང་སྦྱིན། གཏོར་མ་ནས་དུམ་ཅིག་བཅད་དེ་སློབ་མ་ཟར་བཅུག་ལ། བཱ་ལིཾ་ཏ་ནི་མགོན་པོ་སྟེ། །བཟའ་དང་རོལ་པ་གཉིས་མེད་པས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན། །གསུམ་པ་དབང་མཆོག་ཐོབ་པར་ཤོག །སྙིང་པོའི་མཐར་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཐོད་འཕྲེང་ལག་ཏུ་གཏད་དེ། བླ་མེད་རིན་ཆེན་ཐོད་སྐམ་འཕྲེང༌། །མ་ཡེངས་རྒྱུན་དུ་བཟུང་བའི་རྟགས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན། །བཞི་པའི་དབང་མཆོག་ཐོབ་པར་ཤོག །ཅེས་བརྗོད་ལ་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། ལྷག་མ་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཀུན༵་ནས་དམ་པ་སངས་རྒྱས་ཀྱི། །བཀའ་སྲུང་རབ་ཏུ་དག༵འ་བར་གྲགས། །འཁོར་བཅས་སྒྲུབ་ཐབས་རྗེས་གནང་གི །སྙིང༵་པོ༵་ཙམ་ཞིག་བྲིས་པ་ཡིན། །མགོན་པོ་ཨཾ་གྷོ་རིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །