ཇོ་བོ་རྗེའི་ཐུན་མོང་བ་མ་ཡིན་པའི་ཆོས་སྐྱོང་མགོན་པོ་གྲི་གུག་དམར་པོའི་སྒྲུབ་ཐབས།


TNT15_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔའ་བོ་གང་ཞིག་དྲན་ཙམ་གྱིས། །ཕུན་ཚོགས་དངོས་གྲུབ་ཉེར་སྩོལ་ཞིང༌། །མི་མཐུན་ཕྱོགས་ཀུན་ཞི་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་འདུད། །འདིར་ལྷོ་ནུབ་མགོན་པོ་ཞལ་དམར་ཞེས་བྱ་བ་སྒྲུབ་པ་ལ། བྲིས་སྐུའི་མདུན་དུ་མཆོད་གཏོར་རྒྱ་ཆེར་བཤམ། ཕྱག་ན་རྡོ་རྗེའམ་མི་གཡོ་བའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། གཏོར་མ་ཨ་མྲྀ་ཏས་བསངས། ལག་པ་གཡོན་པ་བསྟན་ལ། ཨོཾ་སྟོང་པར་གྱུར།


TNT15_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་བསྟན་ཏེ། ཨཱཿཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེར་གྱུར། གཉིས་ཀ་བསྟན་ཏེ། ཧཱུཾ་ཤ་ལྔ་བདུད་རྩི་ལྔས་གང་བར་གྱུར། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། རང་གི་མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས་སུ། ཁྲག་ཞག་རྦ་ཀློང་འཁྲུགས་པའི་རྒྱ་མཚོ་ན། བྷྲཱུཾ་ལས་རྡོ་རྗེའི་བྲག་རི་དམར་ནག་བདུད་བརྩེགས་ཀྱི་སྟེང༌། ཎི་ལས་མི་རོའི་གདན་སྟེང་དུ། ཀྵ་ལས་གྲི་གུག་ཀྵས་མཚན་པ་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་མཧཱ་ཀཱ་ལ་སྐུ་མདོག་དམར་ནག་ཞལ་རས་ཀྱི་དཀྱིལ་འཁོར་ལྷག་པར་དམར་བ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་མེ་འབར་བ་འཕྱར་བས་གཤིན་རྗེ་བྲན་དུ་འཁོལ་བ། གཡོན་ཀླད་ཁྲག་དང་གློ་སྙིང་གིས་གང་བའི་ཐོད་པ་འཛིན་པས་སྒྲུབ་པོ་ལ་དངོས་གྲུབ་སྩོལ་བ། ཞགས་པ་ནག་པོས་དགྲ་བགེགས་ཀྱི་སྐེ་ནས་བཅིངས་ཤིང་ཞགས་པའི་སྣེ་མོ་ཕྱག་གཡོན་གྱི་མཐེབ་སྲིན་ལ་དཀྲིས་པ། ཞལ་གྱི་གྲྭ་ནས་ཁྲག་འཛག་པ། སྤྱན་གསུམ་དང་ལྡན་ཞིང་གད་རྒྱངས་དྲག་པོ་སྒྲོག་པ། མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ་སྐན་སྒྲ་དྲག་པོ་སྒྲོགས་པས་ས་གཡོ་བར་བྱེད་པ། །


TNT15_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦྲུལ་ནག་དང་དར་ནག་གི་ཐོད་བཅིངས་ཤིང༌། ཉི་ཟླས་དབུ་བརྒྱན་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང་གསུས་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་མེ་ཚན་དྲག་པོ་འབར་བའི་ཀློང་ན་བཞེངས་པ། དེའི་གཡས་སུ་གནོད་སྦྱིན་ཤན་པ་རའི་གདོང་ཅན་སྨུག་ནག་གཡས་གྲི་གུག་འཕྱར་ཞིང༌། གཡོན་དམ་ཉམས་ཀྱི་སྲོག་རྩ་ཞལ་དུ་གསོལ་བ། གཡོན་དུ་མ་ར་སྙིང་ཟ་མ་དམར་མོ་དུག་གི་གྲི་ཁྱེ་དང༌། དགྲ་བགེགས་ཀྱི་གློ་སྙིང་འཛིན་པ། རྒྱབ་ཏུ་གཟའ་བདུད་དམར་ནག་སྲིན་པོའི་ཆ་ལུགས་ཅན། མགོ་ལུས་མིག་གིས་གང་བ། མདའ་གཞུ་འགེངས་པ། མདུན་དུ་གསང་བའི་མཁའ་འགྲོ་མ་དམར་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་སྐྲ་གྲོལ་བ། མགོ་འཕྲེང་དང་རུས་པས་བརྒྱན་ཞིང་མི་ལྤགས་དང་སྟག་ལྤགས་གསོལ་བ། དེ་དག་ལ་སོགས་པ་མཁའ་འགྲོ་ཉི་ཤུ་རྩ་གཅིག་དང༌། སྲིད་པ་ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཀྱིས་བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ།


TNT15_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ལྷོ་ནུབ་དུར་ཁྲོད་མུན་པའི་ཚལ་ནས་མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལ་གཤེགས། །འཇིགས་བྱེད་བསྟན་སྲུང་ཡོངས་ཀྱི་གཙོ། །ཟག་མེད་དབྱིངས་ནས་གཤེགས་སུ་གསོལ། །ལྷོ་ནུབ་མཚམས་ཀྱི་གནས་མཆོག་ནས། །མི་བསྲུན་ཞིང་སྐྱོང་འཁོར་དང་བཅས། །རྣལ་འབྱོར་བསྟན་པ་བསྲུང་བའི་ཕྱིར། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས། །ཨོཾ་མཧཱ་ཀཱ་ལ་ཧཱུཾ་ཕཊ། མཧཱ་ཀཱ་ལ་ས་པ་རི་ཝཱ་ར། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་མཧཱ་ཀཱ་ལ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། རྡོ་རྗེའི་ཐལ་མོའམ། རལ་གྲི་ཐོད་པའི་ཕྱག་རྒྱ་སྤྱི་བོར་བཞག་པར་མོས་ལ། ཨོཾ་ཤྲཱི་མཧཱ་ལ་ཀཱ་ལ་ས་མ་ཡ་མ་ཏི་ཀྲ་མ་ཐ་ས་མ་ཡ་རཀྵནྟུ། ཞེས་དམ་ལ་བཞག་ཅིང༌། ཡིད་ལ་ཇི་ལྟར་འདོད་པའི་བཀའ་བསྒོ་བྱ། གཏོར་མ་གསོལ་བར་བསམས་ལ། ཨོཾ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར། ཨ་མྲྀ་ཏ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་མགོན་པོ་དང༌། མཧཱ་ཡཀྵ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་རཀྨོ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གནོད་སྦྱིན་ཕོ་མོའི་འཁོར་བཅས་ལ་ཕུལ། གོང་བཞིན་མཆོད། ཨོཾ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་ཨཱཿ


TNT15_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་གིས་ནང་མཆོད་ཕུལ། བསྟོད་པ་བསྡུས་པ་ནི། ཧཱུཾ། ཆོས་ཀྱི་དབྱིངས་ལས་སྣ་ཚོགས་སྤྲུལ་པའི་སྐུ། །གྲག་སྟོང་ང་རོས་བདུད་དཔུང་འཇོམས་པའི་གསུང༌། །རྟོག་མེད་ངང་ནས་སྒྲུབ་མཆོག་སྐྱོང་བའི་ཐུགས། །བསྟན་བསྲུང་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །ཞེས་བསྟོད། ཐུགས་ཀར་སྔགས་འཕྲེང་གསལ་བཏབ་ལ། ཨོཾ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་སྭཱཧཱ། ཞེས་ཅི་འགྲུབ་བཟླ། ཐུན་གྱི་མཐར་གོང་བཞིན་མཆོད་བསྟོད་བསྡུས་པའམ། ཕྱི་མཆོད་ནང་མཆོད་སྔར་བཞིན་ཕུལ་ལ། འདི་སྐད་ཅེས། ཧཱུཾ། ནག་པོ་ཆེན་པོ་འཁོར་བཅས་ལ། །བདག་གིས་མཆོད་པ་འབུལ་བ་ནི། །དགྲ་བགེགས་མ་ལུས་བསྒྲལ་བ་ཡི། །དམར་ཆེན་ཁྲག་གིས་ཨརྒྷཾ་དང༌། །དབང་པོ་ལྔ་ཡི་མེ་ཏོག་དང༌། །རུས་པ་རྐང་ཀླད་བསྲེས་པའི་སྤོས། །ཞུན་ཆེན་གསལ་བའི་སྒྲོན་མེ་དང༌། །རྡོ་རྗེ་རང་བྱུང་དྲི་ཆབ་དང༌། །ཤ་ཆེན་སྣ་ལྔའི་ཞལ་ཟས་དང༌། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ། །དངོས་འབྱོར་ཡིད་སྤྲུལ་མཁའ་བཀང་ནས། །མགོན་པོ་འཁོར་དང་བཅས་ལ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དང༌། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དགྲ་བགེགས་རྣམ་གཉིས་བསྒྲལ་བ་ཡི། །དོན་སྙིང་ཤ་རུས་གཏོར་ཆེན་བཤམ། །དེ་བཞིན་


TNT15_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འཛིན་ཁྲག་གི་རྒྱུན། །བནྡྷ་ལྕང་ལོ་ཁྲག་གིས་བཀང༌། །བླ་ན་མེད་པའི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། མཐུན་པའི་རྫེས་སུ་བཞེས་པར་མཛོད། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞིང་ཆེན་བླ་བྲེ་འཕན་གདུགས་དང༌། །རྒྱུ་རློན་ལྡ་ལྡི་སྙིང་འཕྲེང་དཔྱངས། །ཀེང་རུས་སྣ་ཚོགས་རི་ལྟར་སྤུངས། །ཤ་ཁྲག་དྲི་བསུར་རྒྱུན་མི་འཆད། །སྣ་ཚོགས་རྒྱན་ཀྱི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད། །དེ་ནས་བསྟོད་པ་ནི། ཧཱུཾ། ཕྱོགས་ཕྱོགས་བགྱི་བ་ཕག་གི་ན། །ལྷོ་ནུབ་སྲིན་པོའི་འཇིག་རྟེན་དུ། །མུན་པའི་ལྕགས་མཁར་དགུ་རིམ་ན། །མ་འདས་འཇིག་རྟེན་བཀའ་སྡོད་གཙོ། །ནག་པོ་མི་བསྲུན་འཇིགས་བྱེད་ཆེ། །གྲི་གུག་འབར་བས་ཉམས་པ་ཡི། །ཚེ་སྲོག་རྩད་བཅད་ཁྲག་གི་རྒྱུན། །ཐོད་པར་བླུག་ཅིང་ཞལ་དུ་གསོལ། །འཁོར་ནི་མི་བསྲུན་གདུག་པ་ཆེ། །ནག་པོས་དུས་འདའ་འདུལ་བྱེད་པ། །ལྷ་སྲིན་མ་མོ་མཐུ་བོ་ཆེ། །སྙིང་རྗེ་མེད་པར་གསོད་བྱེད་པའི། །འཇིག་རྟེན་མ་འདས་དམ་བཅས་ཀུན། །སྣ་ཚོགས་གཏོར་མ་འདི་བཞེས་ལ། ཁྲོ་གཏུམ་བཀའ་ལས་


TNT15_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདའ་བར། །སྣ་ཚོགས་ལས་འདི་ཐོགས་མེད་ཀྱིས། །ཧཱུཾ། རྡོ་རྗེ་གདན་མཆོད་དམ་པ་ནས། །གནོད་སྦྱིན་འཁྲུགས་པའི་གནས་མཆོག་ནས། །གནོད་སྦྱིན་ཤན་པ་མཐུ་བོ་ཆེ། །སྐུ་མདོག་དམར་ནག་འཇིགས་པའི་གཟུགས། །ཕྱག་ན་གནམ་ལྕགས་གྲི་གུག་བསྣམས། དམ་ཉམས་དགྲ་བོའི་ཚེ་སྲོག་གཅོད། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། བྷྱོཿ གནོད་སྦྱིན་ཐུགས་ཀྱི་དགྱེས་བདེ་མོ། །མ་ར་སྙིང་ཟ་མཐུ་མོ་ཆེ། །སྐུ་མདོག་དམར་ནག་འཇིགས་པའི་གཟུགས། །ཕྱག་ན་དུག་གི་གྲི་ཁྱེ་འཛིན། །བསྟན་པ་བཤིག་པའི་ཚེ་སྲོག་གཅོད། །ཤ་དང་ཁྲག་ལ་ཟས་བྱེད་མ། །དམ་ཟས་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་དང༌། །ཏིང་འཛིན་སྔགས་རྒྱས་བྱིན་རླབས་པའི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་རྒྱས་པ་དང༌། །དཀོན་མཆོག་དབུ་འཕང་ཆེར་མཐོ་ཞིང༌། །བསྟན་འཛིན་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་འཕྲིན་ལས་རྒྱས་པར་མཛོད། ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་དགྲ་བགེགས་ཞི་བ་དང༌། །ཚེ་དང་བསོད་ནམས་རབ་རྒྱས་ནས། །ཐོས་


TNT15_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྒྲུབ་པ་འཕེལ་བར་མཛོད། །རྗེས་ཡིག་བརྒྱ། བཟོད་གསོལ། གཏོར་མགྲོན་གཤེགས་སུ་གསོལ་བ། སྨོན་ལམ་བཀྲ་ཤིས་རྣམས་སྤྱི་དང་འདྲའོ། །འདིའི་རྗེས་གནང་བྱ་བར་འདོད་པས། མཎྜལ་ཚོམ་བུ་ལྔ་དང་བཅས་པ། རྒྱབ་ཏུ་མཉྫིའི་སྟེང་དུ་གཏོར་མ་ནོར་གཟུགས་མ་ཁ་ཟས་བཟང་དགུས་བརྒྱན་པ། མཎྜལ་གྱི་གཡས་སུ་སྐུ་རྟེན། གཡོན་དུ་ཐོད་པ་དམ་རྫས་དང་བཅས་པ། མདུན་དུ་གྲི་གུག་རྣམས་བཀོད་ལ། དེ་དག་གི་མདུན་དུ་མཆོད་པ་བསྒྲིགས་ཤིང༌། དེའི་མདུན་དུ་གཏོར་མ་བཤམས་ལ། བདག་བསྐྱེད་ནས་བརྩམས་ཏེ་མདུན་བསྐྱེད་བཟླས་པའི་བར་གོང་དུ་བཤད་པ་བཞིན་བྱ། རྗེས་གནང་གི་རིམ་པ་རྣམས་བདག་འཇུག་གི་ཚུལ་དུ་དམིགས་པས་ལེན། སློབ་མ་རྣམས་གྲལ་ལ་འཁོད། ཆོས་བཤད། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། སློབ་དཔོན་དགོངས་སུ་གསོལ། བདག་ལ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་གཞུགསངས་རྒྱས་ཆོས་དང་མ་སོགས་ལན་གསུམ་གྱིས་སེམས་བསྐྱེད། གུར་ནས་འབྱུང་བའི་རྒྱུན་བཤགས་ཀྱིས་སྡོམ་པ་བཟུང༌། སློབ་དཔོན་བདག་བསྐྱེད་ཀྱི་ཡི་དམ་དུ་སྒོམ་ཚུལ་འབོགས་ཤིང༌། མདུན་དུ་འཇིགས་རུང་ནས། བདུན་བརྩེགས་ཀྱི་སྟེང་གི་རོའི་གདན་ལ། མཧཱ་ཀ་ལ་སྐུ་མདོག་དམར་ནག་ནས། ཚོགས་ཀྱིས་བསྐོར་བར་གྱུར། ཞེས་པའི་བར་གོང་བཞིན་མདུན་བསྐྱེད་གསལ་འདེབས་སུ་གཞུག སློབ་དཔོན་ལ་མོས་གུས་དུང་


TNT15_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཕོག་པས། ཐུགས་བརྒྱུད་བསྐུལ། མགོན་པོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས། ནག་པོ་ཆེན་པོའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་དཔག་ཏུ་མེད་པ་སྤྱན་དྲངས་ལུས་ལ་ཐིམ་པར་མོས་ཤིགཞེས་བརྗོད་ལ། དེ་ནས་རོལ་མོའི་སྒྲ་བྱ། མཎྜལ་གྱི་གཡས་ཀྱི་སྐུ་རྟེན་སྤྱི་བོར་བཞག་ལ། མི་འབྲལ་སྐུ་ཡིས་བྱིན་རླབས་པས། །བསྟན་དང་འཁོར་བཞི་སྐྱོང་བ་དང༌། །གདུགས་པ་ཅན་རྣམས་ཚར་གཅོད་ཕྱིར། །ནག་པོ་ཆེན་པོའི་སྐུ་འདི་བཟུང༌། །ཨོཾ་མཧཱ་ཀཱ་ལ་ཡ། ཀཱ་ཡ་ས་མ་ཡ་དྷཱ་ར་ཧཱུཾ། ཞེས་བརྗོད་སྐུའི་རྗེས་གནང་ངོ༌། །ཡང་སློབ་དཔོན་ལ་མོས་གུས་དུང་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བའི་ཚོགས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ཞེས་བརྗོད་མགོན་པོའི་སྔགས་བྱང་དང༌། ཐོད་པ་ལག་པ་གཡོན་དུ་གཏད། མི་འབྲལ་གསུང་གིས་བྱིན་རླབས་པས། །སྣ་ཚོགས་འཕྲིན་ལས་སྒྲུབ་པ་དང༌། །ནག་པོ་ཆེན་པོ་མཉེས་བྱེད་པ། །


TNT15_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་རིག་སྔགས་བཟུང་བར་བྱ། །ཨོཾ་མཧཱ་ཀཱ་ལ་ཡ། ཝཱཀ་ས་མ་ཡ་དྷཱ་ར་ཧཱུཾ། དེ་ནས་བཟླས་ལུང་སྤྱི་དང་མཐུན་པར་བྱ་སྟེ། གསུང་གི་རྗེས་གནང་ངོ༌། །སློབ་དཔོན་ལ་མོས་གུས་དུང་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། མདུན་བསྐྱེད་མགོན་པོ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་གྲི་གུག་ཐོད་པ་ལ་སོགས་པ་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་འཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་བྱས། སྙིང་གར་ཐིམ་ཞེས་བརྗོད་ལ་རོལ་མོ་བྱ། གྲི་གུག་ལག་པ་གཡས་སུ་གཏད་དེ། མི་འབྲལ་ཐུགས་ཀྱིས་བྱིན་རླབས་པས། །སློབ་དཔོན་རྒྱལ་བའི་བཀའ་བཞིན་དུ། །བརྩེ་ལྡན་དྲག་པོའི་འཕྲིན་ལས་ཀྱིས། །མ་རུང་སེམས་ཅན་བསྒྲལ་བར་བྱ། །ཨོཾ་མ་ཧཱ་ཀ་ལ་ཡ། ཙིཏྟ་ས་མ་ཡ་དྷཱ་ར་ཧཱུཾ། ཞེས་བརྗོད་དེ། ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་གཏོར་མ་སྤྱི་བོར་བཞག་ལ། རྡོ་རྗེ་འཆང་དང་ཕྱག་ན་རྡོ་རྗེ་དང༌། །ཀླུ་སྒྲུབ་སྙིང་པོ་ནཱ་ག་བོ་དྷི་དང༌། །ཛྙཱ་ན་བོ་དྷི་བིཪྱ་བོ་དྷི་དང༌། །རཱ་ཧུ་ལ་དཔལ་མར་མེ་མཛད་དཔལ་ཞབས། །རྒྱལ་བའི་འབྱུང་གནས་དང་ནི་རིན་ཆེན་གསལ། གྲུ་གུ་ཁ་ཆེ་ལྷ་ཡི་དབང་ཕྱུག་དང༌། །ཞང་སྟོན་རྡོར་འབར་བློ་གྲོས་རྒྱལ་མཚན་དང༌། །ཤེས་རབ་རིན་ཆེན་ཤེས་རབ་རྡོ་རྗེ་དང༌། །དཀོན་རྒྱལ་དཀོན་དར་བསམ་འགྲུབ་


TNT15_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དང༌། །བརྩོན་འགྲུས་རྡོ་རྗེ་ནམ་མཁའ་བསམ་འགྲུབ་དང༌། །ལྷ་དབང་ངག་དབང་ཀུན་དགའ་བཀྲ་ཤིས་སོགས། །རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས། །བཀའ་དང་དམ་ལས་མ་འདའ་བར། །དམ་ཚིག་སྲུངས་ལ་བསྟན་པ་སྐྱོངས། །དཀོན་མཆོག་དབུ་འཕང་བསྟོད། ཁྱད་པར་དུ་ཡང་སློབ་མ་འདི་ཞེས་བྱ་བའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ། ལུས་ངག་ཡིད་གསུམ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་མཛད་དུ་གསོལ། ཞེས་སོགས་བཀའ་བསྒོ་རྒྱས་བསྡུས་སྤྱི་དང་མཐུན་པར་བྱ། གཏོར་མའི་མཐེབ་ཀྱུ་ནས་རྡོ་རྗེའི་རྩེ་མོས་ཅུང་ཟད་བླངས་ཀ་པཱ་ལའི་བདུད་རྩི་དང་སྦྲགས་ཏེ། སློབ་མ་ལ་ཅུང་ཟད་སྦྱིན། གཏོར་མ་ལའང་བདུད་རྩི་ཅུང་ཟད་བྲན་ཏེ། ནག་པོ་ཆེན་པོ་ཁྱོད་ཀྱིས། སློབ་མ་འདིའི་ཆོས་སྐྱོང་གྱིས་ལ་བྱིན་པའི་ཟས་ཟོ། བཅོལ་བའི་ལས་ཀྱིས་ཞེས་བརྗོད། དེ་ནས་མཎྜལ་འབུལ་བ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ཞིང༌། མཆོད་པ་ཁ་གསོས་བྱིན་གྱིས་བརླབས། ཕྱི་མཆོད་འབུལ་བ་ནས་བཀྲ་ཤིས་ཀྱི་བར་རྗེས་ཀྱི་བྱ་བ་རྣམས་གོང་བཞིན་ནོ། །པཎ་ཆེན་ཀུན༵་ལས་དག༵འ་བའི་ཕུལ། །མར་མེ་མཛད་ཀྱི་བཀའ་སྲུང་མཆོག །མིའུ་ཐུང་གསོད་བྱེད་སྒྲུབ་ཐབས་ཀྱི། །སྙིང༵་པོ༵་ཡི་གེར་འཁོད་འདིའོ། །ཇོ་བོ་རྗེའི་ཐུན་མོང་བ་མ་ཡིན་པའི་ཆོས་སྐྱོང་མགོན་པོ་གྲི་གུག་དམར་པོའི་སྒྲུབ་ཐབས་བཤད་པའི་ལེ་ཚན་ནོ།། །།མངྒ་ལཾ། །