མགོན་པོ་གྲི་གུག་ལྷ་དགུའི་སྒྲུབ་ཐབས།


TNT15_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཧེ་རུ་ཀ་ལ་གུས་བཏུད་ནས། །མགོན་པོ་གྲི་གུག་ཅན་སྒྲུབ་ཐབས། །ཛྙཱ་ནའི་བཞེད་གཞུང་འཕགས་ཡུལ་ལས། །བྱུང་བའི་ཡིད་ཆེས་ལྡན་པ་འབྲི། །ཆོས་འབྱུང་གྲུ་གསུམ་ནག་པོ་མཉྫིའི་སྟེང་དུ་གཏོར་མ་དང་བཅས་པ་བཤམ། མཐའ་མཆོད་གཏོར་དང་ཕྱག་མཚན་གྱིས་བསྐོར། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་བསངས་སྦྱངས། བཛྲ་ར་བ་ལི་ཕཊ། རྡོ་རྗེའི་བྲག་རི་དང༌། ཀེང་རུས་ཀྱི་སྟེང་དུ། དུར་ཁྲོད་དང་བཅས་པའི་གཞལ་ཡས་ཁང་འཇིགས་སུ་རུང་བ། དབུས་སུ་པད་ཉིད་ལ་རང་གི་སྙིང་ག་ནས་སྤྲོས་པའི་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཞི་སྦྲག་གི་སྐབས་བཞིན་གཙོ་རྐྱང་བསྐྱེད། ཁྱད་པར་མི་ལྤགས་ཀྱི་སྟོད་གཡོགས་ཅན་ནོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་འཁོར་བཅས་བཛྲ་ས་མཱ་ཛཿ ཨེ་ཧྱེ་ཧི་མཧཱ་ཀཱ་ལ་ཀཱ་རུ་ཎི་ཀ་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། གཙོ་བོའི་བྱང་ཤར་དུ། ལྷ་མོ་ནག་མོ་རྩེ་གསུམ་དང་ཐོད་ཁྲག་འཛིན་པ། མདུན་དུ་གསང་བའི་ལས་མགོན་དམར་ནག་གྲི་ཐོད་ཅན། ཛམྦུ་


TNT15_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཞལ་དང་ལྡན་པའོ། །གཡས་སུ་གཤིན་རྗེ་ལྗང་ནག་རལ་གྲི་དང་ཐོད་ཁྲག་བསྣམས་པ། གཡོན་དུ་ལས་མགོན་བདུད་བྱ་རོག་གདོང་ཅན་ཐོད་འཛིན་པ། ཕྱི་རོལ་ཀྱི་ཤར་དུ་མཧཱ་ཀ་ལི་ནག་མོ་རལ་གྲི་དང་ཐོད་ཁྲག་འཛིན་པ་དྲེའུ་ལ་ཆིབས་པ། ལྷོར་བི་ཀ་ར་ལི་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་བྱ་རོག་ལ་ཆིབས་པ། ནུབ་ཏུ་པུ་ཀ་ར་ལི་ནག་མོ་རྡོ་རྗེ་དང་ཕུར་བུ་འཛིན་པ་རོ་ལངས་ལ་ཞོན་པ། བྱང་དུ་ཀངྒ་ལི་ནག་མོ་ཏྲི་ཤུ་ལ་དང་ཐོད་ཁྲག་འཛིན་པ་རོའི་གདན་ཅན། ཐམས་ཅད་ཀྱང་དྲག་པོའི་ཆ་ལུགས་ཡོངས་སུ་རྫོགས་པའོ། །ཨརྒྷཾ་སོགས་ཀྱི་ཕྱི་དང༌། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བསྟོད་པ་ཤོ་ལོ་ཀ་གཅིག་གིས་བསྟོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། ནག་པོ་ཆེན་པོ་འཁོར་བཅས་ཀྱིས། དཔལ་ཧེ་རུ་ཀའི་བཀའ་ལས་མ་འདའ་བར། བདག་གི་བསམ་པའི་དོན་ཐམས་ཅད་སྒྲུབས་ཤིགདམ་ཚིག་ལས་འདས་ན། ཁྱོད་ཉིད་འཇིག་པར་གྱུར་ཏ་རེ། ནང་མཆོད་གཏོར་ཞིང༌། འཐུངས་ཤིག་འཐུངས་ཤིག་རྡོ་རྗེའི་ཆུ། །རྡོ་རྗེའི་ཆུ་འདི་འཐུངས་ནས་ནི། །དམ་ཚིག་བསྲུངས་ན་དངོས་གྲུབ་འཐོབ། །དམ་ལས་འདས་ན་བརླག་པར་འགྱུར། །ཨོཾ་སརྦ་ཨུ་ད་ཀ་ཋ། དམ་ཚིག་གི་རྡོ་རྗེ་གཏད་པར་བསམ་ལ། ཟུང་ཤིག་ཟུང་ཤིག་རྡོ་རྗེ་ཆེ། ཁྱོད་ཀྱིས་རྟག་ཏུ་འདི་ཟུང་ཤིག །གལ་ཏེ་བསྒོ་བ་མ་ཉན་ན། །ནག་མོ་ཁྱོད་ནི་


TNT15_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་འགྱུར། །གནས་གསུམ་བྱིན་རླབས་དང༌། དབང་བསྐུར་རྒྱས་གདབ་སྤྱི་དང་འདྲ་བ་ལས། ཧེ་རུ་ཀས་དབུ་བརྒྱན་ཞེས་བརྗོད། དངོས་བཤམས་ཀྱི་མཆོད་པ་རྣམས་བླ་མེད་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མོན་སྲན་རྡེའུ་ཛཾ་བུ་ཊི། །མེ་ཏོག་བདུག་སྤོས་ཤ་ལྔ་དང༌། །བདུད་རྩི་ལྔ་སྦྱར་གཏོར་མ་འདིས། །དཔལ་ལྡན་ནག་པོ་འཁོར་བཅས་མཆོད། །ཨོཾ་མཧཱ་ཀཱ་ལ་སརྦ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བསྟོད་པ་སྲིན་གཟུགས་མ་བྱ། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་བཛྲ་མཧཱ་ཀཱ་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་སྙིང་པོ་དང༌། ཤཱ་ས་ན་ཏེ་རྩ་སྔགས་དང༌། ཨོཾ་དེ་ཝ་ཧ་ན་ཧ་ན་བནྡྷ་བནྡྷ་ཀྵིཾ་ཀྵིཾ་ཧཱུཾ་ཕཊ། ཨོཾ་བི་ཤ་ཙཱི་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་ཡ་མ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་ཁ་ཏ་མུ་ཁ་ཧཱུཾ་ཕཊ། ཨོཾ་མཧཱ་ཀ་ལི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་བི་ཀ་ར་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་སུ་ཀ་ར་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཀངྐ་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་རྣམས་འཁོར་གྱི་སྔགས་སོ། །གཏོར་མ་ཤ་ལྔ་བདུད་རྩི་ལྔ་དང་འབྲེལ་བའི་བྱིན་རླབས་སྤྱི་དང་མཐུན་པར་བྱ། སོ་སོའི་སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་བཏགས་པ་ལན་གསུམ་གྱིས་ཕུལ། ཐུན་མོང་དུ་ཤཱ་ས་ནས་བསྟབས། མཆོད་བསྟོད་འདོད་དོན་གསོལ་བ་བཏབ་པ་རྣམས་སྤྱིས་རིགས་འགྲེ། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང༌།


TNT15_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཕུལ། རྒྱུན་བཤགས་ཡན་ལག་ལྔ་པ་བྱ། སློབ་དཔོན་དགོངས་སུ་གསོལ། བདག་རྡོ་རྗེ་འཛིན་པ་འདི་ཞེས་བགྱི་བ་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། གཏོར་མ་མགོན་པོ་འཁོར་བཅས་སུ་བསྐྱེད། སློབ་མའི་མགོ་ཐོག་གི་ནམ་མཁར་བཟུང༌། འཁོར་བཅས་ཀྱིས་གར་མཛད་པས་བགེགས་བསྐྲད་པར་བསམ། མགོན་པོའི་དཔྲལ་མགྲིན་སྙིང་ག་ལྟེ་བ་གསང་བ་རྣམས་ནས། འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུ་རྣམས་སྤྲོས་ཏེ། སློབ་མའི་གནས་ལྔ་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་གྱིས་བརླབས་པར་མོས། དེ་ནས་བཀའ་བསྒོ་དྲག་ཏུ་བྱ། མགོན་པོ་འཁོར་བཅས་ཡེ་ཤེས་ཀྱི་བདུད་རྩིར་ཞུ། སློབ་མའི་སྤྱི་བོ་ནས་ཞུགས། སྨིན་མཚམས་ཡན་ཆད་གང༌།ཁྲི་ཁྲགབུམ་དབང་ཐོབ་པར་མོས། དེ་བཞིན་དུ་མགྲིན་པ། སྙིང་གལྟེ་བ། གསང་བ་རྣམས་གང་བས་དབང་བཞི་ཐོབ་པར་མོས། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་ནི། མགོན་པོ་གཞན་གྱིས་རིགས་འགྲེའོ། །འདིའི་སྲོལ་འཛིན་རྣམས། རྡོ་རྗེ་གུར་གྱི་རྒྱུད་མགོན་ཡིན་པར་བཞེད་ཅིང༌། དེ་ལྟར་འདྲ་བར་ཡང་མངོན་ནོ། །སྒྲུབ་ཡིག་ཀུན༵་དུ་རྒྱས་པ་ལ། །དག༵འ་བས་ཡིག་རྙིང་ནང་དུ་ལྟོས། །རྗེས་གནང་ཙམ་དང་ཉེར་འབྲེལ་བའི། །སྒྲུབ་ཐབས་སྙིང༵་པོ༵་འདི་ཡིས་ཆོག །མགོན་པོ་གྲི་གུག་ལྷ་དགུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །