དཔལ་མགོན་པོ་ཏྲཀྴད་གཉོས་ལུགས་ཀྱི་རྗེས་གནང་།


TNT15_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སེངྒའི་གླིང་ན་རབ་གནས་ཤིང༌། །རྡོ་རྗེ་གདན་གྱི་ཆུ་ལོན་དུ། །ཀླུ་སྒྲུབ་ཀྱིས་ཀྱང་མངའ་གསོལ་བ། །ལྷ་ཆེན་དཔལ་འབར་ལ་འདུད་དོ། །འདིར་ལེགས་ལྡན་ནག་པོ་ཆེན་པོ་ཏྲཀྴད་ལ་སྒྲུབ་ཐབས་ལུགས་ཤིན་ཏུ་མང་བ་ལས། འདིར་གཉོས་ལུགས་ཡིན། དེ་ལ་སློབ་མ་རྗེས་བཟུང་གི་བྱ་བ་ནི་རྣམ་པ་བཞི་སྟེ། ཤིན་ཏུ་བསྡུས་པ་གཏོར་དབང༌། བསྡུས་པ་སྐུ་གསུང་ཐུགས་ཀྱི་རྗེས་གནང༌། རྒྱས་པ་བྱིན་རླབས་དབང་ལྔ། ཤིན་ཏུ་རྒྱས་པ་དབང་བཞི་རྣམས་ཡོད་པ་ལས། དང་པོ་གཉིས་ཀྱི་དབང་དུ་བྱས་ན། མདུན་དུ་མཎྜལ་གྲུ་གསུམ་མཐིང་ནག་གཏོར་མ་དང་བཅས་པ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་དང༌། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་ཡི་དམ་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་བསྐྱེད་ཀྱི་བྱ་བ་ནི། སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས་སུ་བཤད་ཟིན་པ་ཉིད་ཡིན་ཏེ། བསྟོད་པ་འཕྲིན་བཅོལ་ཡན་ཆད་གྲུབ་པའི་མཚམས་སུ། སློབ་མ་རྗེས་འཛིན་ཏེ། མཎྜལ་ཡན་ཆད་སྤྱི་དང་འདྲ། གསོལ་འདེབས་ནི། རྗེ་བཙུན་རྡོ་རྗེ་འཛིན་པའི་གཙོ། །བདག་གི་ལུས་ངག་ཡིད་གསུམ་གྱི། །དྲི་མ་མཐའ་དག་སྦྱང་བའི་ཕྱིར། །མ་སྨིན་


TNT15_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་བྱེད་དབང་བསྐུར་སྩོལ། །ཞེས་ལན་གསུམ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། སློབ་དཔོན་ཡི་དམ་དང༌། གཏོར་མ་མགོན་པོར་བསྐྱེད་ལ། སྤྱན་འདྲེན་པ་ཡན་ཆད་བྱ། སློབ་མས་མོས་གུས་བྱས་པས། གཏོར་མ་མགོན་པོར་གསལ་བ་སློབ་མའི་སྤྱི་བོར་བྱོན། དེའི་དབུ་གཙུག་ཏུ་བླ་མ་ཡི་དམ་དུ་གསལ་བ་ལ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བར་མོས། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ། མགོན་པའི་གནས་གསུམ་ནས། འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས། སློབ་མའི་ལུས་གང་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བསྲེགས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་རིམ་པར་སྒོམ་དུ་བཅུག་ལ། རོལ་མོ་དང་བཅས་པས་བཀའ་བསྒོ་བྱའོ། །རྗེས་ཀྱི་བྱ་བ་སྤྱི་དང་འདྲ། དེ་ཙམ་ནི་གཏོར་དབང་ངོ༌། །སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱེད་ན། ཐོག་མར་གཏོར་དབང་དེ་ཉིད་རྫོགས་པར་བསྐུར་ཏེ། དེ་ལྟར་ན་ཁྱེད་རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་བྱང་སྟེ། ཡེ་ཤེས་ཀྱི་སྐུར་གྱུར་པ་ནི་ཞེས་མཚམས་སྦྱར་ནས། ཡི་དམ་ཁྲོ་བོ་གང་རུང་ཞིག་གི་མངོན་རྟོགས་ཕོགཡེ་ཤེས་པ་བསྟིམ་པ་ཡན་ཆད་སྐུའི་རྗེས་གནང་སྤྱི་དང་འདྲ་བར་བྱས་ནས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མགོན་པོའི་ཐུགས་བརྒྱུད་བསྐུལ་བ་རེ་རེ་བཞིན་ལ་སྔོན་དུ་འགྲོ་བར་སྦྱར་ནས། མདུན་བསྐྱེད་ལས་མགོན་པོའི་སྐུ་མང་


TNT15_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱུང༌། སློབ་མའི་སྤྱི་བོར་ཐིམ། མགོན་པོའི་སྐུ་སྤྱི་བོར་གཏུགས་ཏེ། མི་འབྲལ་སྐུ་ཡིས་བྱིན་རླབས་པས། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང༌། །སྐུ་ཡི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་མཧཱ་ཀཱ་ལ་རཱུ་པ་ཨ་བྷི་ཥིཉྩ་ཧཱུཾ། དེ་བཞིན་དུ། མགྲིན་པ་ནས་ཡིག་འབྲུ་བྱུང་སྟེ། མགྲིན་པར་ཐིམ། འཕྲེང་བ་མགྲིན་པར་གཏད་དེ། གོང་གི་ཚིགས་བཅད་ལ། མི་འབྲལ་གསུང་གི་དང༌། གསུང་གི་དངོས་གྲུབ་བཅས་འདོན་པ་བསྒྱུར། ཨོཾ་མཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཝཱཀ་ཨ་བྷི་ཥིཉྩ་ཧཱུཾ། ཐུགས་ཀ་ནས་ཕྱག་མཚན་བྱུང་སྙིང་གར་ཐིམ། བེང་སྙིང་གར་གཏད་དེ། མི་འབྲལ་ཐུགས་ཀྱི༴ ཐུགས་ཀྱི་དངོས་གྲུབ༴ ཨོཾ་མཧཱ་ཀཱ་ལ་རཀྵ་དུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། དམ་ཚིག་དང་ལྡན་ཞིང་ཆོས་སྐྱོང་འདི་སྒྲུབ་པ་ལ་སྤྲོ་བ་ཡིན་ལ། གོང་དུ་ཡི་དམ་གྱི་ཐུགས་ཀར་མགོན་པོ་ཉིད་བསྐྱེད་པ་དང༌། སྐབས་འདིར་སྔགས་ཀྱི་བཟླས་ལུང་སྦྱིན་ནས་སློབ་མ་ལ་མཆོད་བསྟོད། བརྟན་བཞུགས། མགོན་པོ་དམ་ལ་བཞག་ཅིང་དམ་ཚིག་བསྲེ་བ་རྣམས་བྱེད། སློབ་མ་དམ་ཚིག་ལ་ཐེ་ཚོམ་ཟ་བ་དང༌། འདིའི་སྒྲུབ་པ་མི་བྱེད་པ་ལ། དེ་རྣམས་མི་བྱ་སྟེ། བྱས་ན་དཔོན་སློབ་གཉིས་ཆར་ལ་མི་ཤིས་སོ། །རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ། གལ་ཏེ་གཏོར་དབང་ལ་སོགས་པ་འདི་དག་སྒྲུབ་པའི་འོས་མ་ཡིན་པར་གནས་མིན་དུ་མི་བྱ་བའི་མཐུ་མེད་ན། དམིགས་པ་དང༌། ལག་ལེན་འདི་བསྒྱུར་ཏེ། རང་ལ་ཉེས་པ་མི་འབྱུང་


TNT15_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། དེ་ཉིད་མནའ་ལ་བཀར་བར་འགྱུར་བའི་ཐབས་ཡོད་པ་ནི་མན་ངག་ལས་ཤེས་པར་བྱའོ། །ཀུན༵་དུ་འཕྲིན་ལས་མགོན་པོ་ཞེས། །སློབ་དཔོན་རྣམས་ཀྱིས་དག༵འ་བར་བསྔགས། །སྙིང༵་ནས་བསྟན་པ་བསྲུང་འདོད་ན། །དྲག་པོ༵འི་མཐར་ཐུག་འདི་སྒྲུབས་ཤིག །དཔལ་མགོན་པོ་ཏྲཀྴད་གཉོས་ལུགས་ཀྱི་རྗེས་གནང་གི་བྱ་བ་བསྟན་པའི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །