ཏྲཀྴད་དྭགས་པོ་ལུགས་ཀྱི་སྒྲུབ་ཐབས།


TNT15_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སཱ་སྟི། སངས་རྒྱས་ཀུན་ལ་ཕྱག་འཚལ་ནས། །བསྟན་སྲུང་མཆོག་ཞིག་སྒྲུབ་པའི་ཕྱིར། །སྒྲུབ་ཐབས་མདོར་བསྡུས་ཙམ་འབྲི་ན། །ནག་པོ་ཉིད་ཀྱིས་དགེ་ལེགས་སྩོལ། །མཎྜལ་གཏོར་མ་གྲུ་གསུམ་དང་བཅས་པ། མདུན་དུ་མཆོད་གཏོར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། མཆོད་པ་བྱིན་རླབས་དང༌། སྨན་རག་གཏོར་གསུམ་བྱིན་གྱིས་བརླབས། མདུན་བསྐྱེད་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཐོད་མཁར་འབར་བའི་ནང་དུ་ནག་པོ་གྲུ་གསུམ་གྱི་གཞལ་ཡས་ཁང་དེའི་ནང་དུ། མི་རོ་རྟ་རོ་བརྩེགས་པའི་གདན་ལ་པད་ཉིའི་སྟེང་དུ། རཾ་ལས་དཔལ་མགོན་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་གཉིས་གཡས་རྩེ་གསུམ་གྱི་མགུལ་དུ་མི་མགོ་དཔྱངས་པ་རྒྱུ་དར་ནག་པོ་དང་བཅས་པ་འཕྱར་ཞིང༌། གཡོན་དགྲ་བགེགས་ཀྱི་གློ་སྙིང་བླངས་པ་བུན་ནེ་བ་ཞལ་དུ་གསོལ་ཞིང་བདུད་ཞགས་ནག་པོ་འཛིན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསུམ་བརྩེགས་སུ་གསོལ་ཞིང༌། རིན་པོ་ཆེ་གསེར་གྱི་སྐེ་


TNT15_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

རགས་བཅིངས་པ། ཞབས་ལ་ལྷམ་ཡུ་རིང་གསོལ་ཞིང༌། ལྕགས་ཀྱི་རལ་པ་མུན་ལྟར་གཏིབས་པ། མཆེ་གཙིགས་སྤྱན་གསུམ་སྨ་ར་འབར་ཞིང༌། ཐོད་སྐམ་གྱི་དབུ་རྒྱན་དང༌། ཐོད་རློན་གྱི་དོ་ཤལ་ཅན། རྟ་ནག་ཆིབས་ཤིང་རྫུ་འཕྲུལ་དང་དྲག་ཤུལ་ཆེ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་བཀའ་ཉན་ལས་བྱེད་སྤྲུལ་པ་ཡང་སྤྲུལ་གྱི་འཁོར་དང་བཅས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་ཨུ་ཙ་ལ་ནས། ནག་པོ་ཆེན་པོ་འཁོར་བཅས་སྤྱན་དྲངས་པར་བསམ། ཨུ་ཙ་ལའི་དུར་ཁྲོད་ནས་སོགས་སམ། བསྡུ་ན། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་མཧཱ་ཀཱ་ལ་ཏྲཀྴད་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་མཧཱ་ཀ་ལ་ཏྲཀྴད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སོགས་ཀྱིས་མཆོད། སྙིང་པོའི་མཐར། ཨོཾ་མཧཱ་བཱ་ལིཾ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། བསྟོད་པ་རྒྱས་པའམ། བསྡུ་ན། རཾ་ལས་བྱུང་བའི་སྟོབས་པོ་ཆེ། །བདུད་ཀྱི་རྒྱལ་པོ་ཁྲོ་གཏུམ་ཅན། །རྟ་ནག་ཞོན་པ་རྫུ་འཕྲུལ་ཆེ། །སྡིག་ཆེན་སྒྲོལ་མཛད་ཁྱོད་ལ་བསྟོད། །


TNT15_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འཕྲིན་ལས་ཞུ། གཏོར་ཆོག་ཙམ་ཡིན་ན་རྗེས་ཆོག་བྱ། སློབ་མ་རྗེས་སུ་འཛིན་ན། ཨོཾ་མཧཱ་ཀཱ་ལ་ཏྲཀྴད་མཧཱ་ཀ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ ཞེས་སྙིང་པོ་ཅུང་ཟད་བཟླས་ལ། སློབ་མའི་དོན་དུ་བགེགས་གཏོར་བཏང༌། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སོགས་ཀྱིས་གསོལ་བ་བཏབ། སློབ་དཔོན་ཕྱག་ན་རྡོ་རྗེ་དང༌། མདུན་བསྐྱེད་མགོན་པོར་གསལ་འདེབས་སུ་བཅུག་ལ། བླ་མ་རྡོ་རྗེ་འཛིན་པ་དང༌། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །མ་རུངས་པ་རྣམས་བསྒྲལ་སླད་དུ། །བདག་ལ་བྱིན་གྱི་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། མགོན་པོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་པས་བྱུང་བ། སློབ་མའི་གནས་གསུམ་དུ་རིམ་པས་ཐིམ་པས་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཐོབ་པར་མོས། གཏོར་མའི་བཀའ་བསྒོ་སྤྱི་དང་མཐུན་པར་བྱ། མགོན་པོའི་སྐུ་གཉིས་པ་ཞིག་ཆད་དེ། སྤྱི་བོ་ནས་བསྟིམ་པས། མགོན་པོའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་བསམས་ལ། བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། དེས་འདིའི་ཆོས་སྐོར་རྣམས་ཉམས་སུ་ལེན་པ་ལ་དབང་བ་ཡིན་པས་དམ་ཚིག་ལ་གནས་པར་གྱིས་ཤིག་ཅེས་གདམས། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། བསྟན་བསྲུང་ཀུན༵་ལས་ཆེས་ཟབ་ཅེས། །རྒྱ་སྟོན་ལྕགས་རིས་དག༵འ་བར་བསྔགས། །སྤུ་གྲི་ཆིག་ཞུར་


TNT15_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ལས། །གཏོར་ཆོག་རྗེས་གནང་སྙིང༵་པོ༵ར་གྲིལ། །འདིའི་ལུགས་ཀྱི་ལྕམ་དྲལ་དང༌། ལྷ་གསུམ་མ་དང༌། འཁོར་མང་སོགས་བྱེད་ཀྱང་འདི་ཉིད་འདོན་པ་སྤོས་པས་ཆོག་གོ །ཤིན་ཏུ་ཟབ་པ་ཏྲཀྴད་དྭགས་པོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །