ཏྲཀྴད་ཇོ་བོ་ལུགས་སེང་ཞོན་གྱི་སྒྲུབ་ཐབས།


TNT15_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྫོགས་སངས་རྒྱས་ལ་གུས་བཏུད་ནས། །ཕྱག་ན་རྡོ་རྗེའི་ཕོ་ཉ་མཆོག །སྟོབས་པོ་ཆེ་ལས་སྐུ་སྤྲུལ་པའི། །མགོན་པོའི་སྒྲུབ་ཐབས་བཤད་པར་བྱ། ཁྲོ་བོའི་བདག་བསྐྱེད་སྔོན་དུ་འགྲོ་བས། དཔལ་བཤོས་བཤོས་ཕྲན་གསུམ་གྱིས་བསྐོར་བ་བྲིས་སྐུའི་མདུན་དུ་བཤམ། གཏོར་མ་བྱིན་རླབས་སྤྱི་དང་མཐུན། མགོན་པོ་ཏྲཀྴད་ཀྱི་སྒྲུབ་ཐབས་རྒྱས་པ་གང་ཡང་རུང་བ་ཤེས་པ་ཞིག་གིས་འདི་ལ་འཇུག་པའི་དབང་དུ་བྱས་ནས། མི་འདྲ་བའི་ཁྱད་པར་བཤད་ན། རང་གི་སྙིང་གའི་ཧཱུཾ་ལས་རཾ་དམར་ནག་གཉིས་འཕྲོས། རཾ་ལས་བེང་དབྱུག་དམར་པོ་རཾ་གྱིས་མཚན་པའི་འཕྲོ་འདུ་ལས། ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་ནག་སྐུའི་རྣམ་པ་ཏྲཀྴད་སྤྱི་དང་འདྲ་བ་ལས། ཕྱག་གཡས་ཙནྡན་དམར་པོའི་བེང་ཆེན་ཏྲི་ཤུ་ལས་མཚན་པའི་མགུལ་དུ་མི་མགོ་འཕྱང་པ། གཡོན་གདུག་པའི་གློ་སྙིང་སྲོག་རྩ་དང་བཅས་པ་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས། སེང་གེ་དཀར་པོ་དྲེགས་པའི་སྟེང་ན་བཞུགས་པ། དེའི་གཡས་སུ་ཧཱུཾ་ལས་ལས་མགོན་སྤུ་གྲི་ཆིག་ཞུར་གྱི་སྐབས་དང་འདྲ་བ་གཅིག་གསལ་བཏབ། གཡོན་དུ་རུ་ལས་ཡུམ་བེ་ཏ་ལི་སྔོན་མོ། ཁྲོ་འཛུམ་རིན་པོ་ཆེ་དང་མགོ་


TNT15_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་གིས་བརྒྱན་པ། མི་ལྤགས་སྟག་ལྤགས་གསོལ་བ་གྲི་ཐོད་འཛིན་ཞིང་བཞེངས་པའོ། །ཧཱུཾ་བདུན་ལས་དྲེགས་པ་ཕོ་བདུན་མཚོན་ཆ་སྣ་ཚོགས་འཛིན་པ། ཁྱུང༌། བྱི་ལ། སྟགའབྲུགརླུང་ནགདུག་སྦྲུལ། ཆུ་བོ་རྣམས་ལ་ཞོན་པ། བྷྱོཿབདུན་ལས་དྲེགས་པ་མོ་བདུན་སྐྲ་འཕྱང་བ། རྡོ་རྗེ་དང་ཞགས་པ་འཛིན་པ། མོན་པ་ཕོ་མོ་དེ་ཐམས་ཅད་མུན་ལྟར་གཏིབ་པའི་མདོག་ཅན་ནོ། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ། གདན་འབུལ་བ་རྣམས་བྱས་ལ། སྔགས་བཟླ་སྟེ། སྤུ་གྲྀ་ཆིག་ཞུར་དང་འདྲའོ། །གཏོར་མ་འབུལ་བའི་སྔགས་ཀྱང་སྤྱི་དང་འདྲ་བའམ། གུང་གཏོར་འབུལ་བའི་སྔགས་དེས་བྱེད། བསྟོད་པ་ཡང་ཅུང་ཟད་འདོན་པ་སྤོ་དགོས་རྣམས་སྤོས་ནས། དད་པ་དམ་ཚིག་ལ་སོགས་ཀྱིས་བསྟོད། དྲེགས་པ་ཕོ་མོའི་བསྟོད་པ་རྣམས། འདི་རང་གི་ལུགས་ལ་མང་དུ་ཡོད་པ་རྣམས་ཤེས་བྱ། འདིའི་རྗེས་གནང་ཡང་སྤུ་གྲི་ཆིག་ཞུར་དང་འདྲ་བ་ལས། སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་སྔོན་དུ་གཏོར་དབང་བྱེད་པ་ནི་ཁྱད་པར་རོ། །སེང་ཞོན་འདི་ལ་སྐུ་མདོག་མཐིང་ཀ་ཞིག་ཀྱང་ཡོད་པ་འདི་དང་གཉིས་ཀ །དཔལ་ལྡན་ཨ་ཏི་ཤའི་མན་ངག་སྟེ། གྲི་གུག་མ་དམར་ནག་གཉིས་དང་འབྲེལ་བར་འཕྲིན་ལས་མགོན་པོ་ཡང་དམར་ནག་གཉིས་འབྱུང་བ་ཡིན་པས་གྲགས་སོ། །སྲུང་མ་ཀུན༵་གྱིས་ནང་ནས་ཀྱང༌། །ཤིན་དུ་དག༵འ་བར་ཇོ་བོས་བསྒྲགས། །སྔ་ཕྱིའི་ཡི་གེ་མང་ཡོད་ཀྱང༌། །སྙིང༵་པོ༵་ཁྱད་པར་དེ་ཙམ་ལགས། །ཏྲཀྴད་ཇོ་བོ་ལུགས་སེང་ཞོན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །