དཔལ་མགོན་ཞལ་བཞི་པ་བསྙེན་དུས་དང་འབྲེལ་བའི་སྒྲུབ་ཐབས།


TNT15_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ཀུན་གྱི་བྱིན་བརླབས་པའི། །ལེགས་ལྡན་ནག་པོ་ལ་བཏུད་ནས། །ཞལ་བཞི་མགོན་པོ་སྒྲུབ་པའི་ཐབས། །ཉེར་མཁོ་ཙམ་ཞིག་བརྗོད་པར་


TNT15_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །འདིའི་སྒྲུབ་ཐབས་དང༌། རྗེས་གནང་གི་སྐབས་ཐམས་ཅད་དུ་གུར་ལྕམ་དྲལ་གྱི་སྐབས་དང་ཐུན་མོང་བ་ཐམས་ཅད་བླང་དོར་ཤེས་པར་བྱ་དགོས་པས། ཐོག་མར་དེ་ཉིད་བློ་ལ་ཟིན་པར་བྱས་ནས་འདི་ལ་འཇུག་པར་བྱའོ། །མཆོད་གཏོར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། གཏོར་མ་བྱིན་རླབས་བྱ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་གྱི་ནམ་མཁར་བསྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ། མཐིང་ནག་གྲུ་གསུམ་འབར་བའི་ཆོས་འབྱུང་ལྔ་ཚོམ་དུ་གནས་པའི་དབུས་མའི་སྟེང་དུ། པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ། རྩ་ཞལ་བརྩེགས་མ་གཉིས་ནག་པོ། གཡས་གཡོན་གཉིས་ལྗང་ནགཕྱག་བཞིའི་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་རྡོ་རྗེས་མཚན་པའི་གྲི་གུག་དང༌། དགྲ་བགེགས་ཀྱི་ཁྲག་གིས་གང་བའི་ཐོད་པ་སྙིང་བཅས་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་འབར་བ་འདེབས་པའི་ཚུལ་གྱིས་འཛིན་ཞིང༌། གཡོན་འོག་མས་མི་རུས་ཀྱི་འཕྲེང་བ་འཕྱར་སྟབས་སུ་བསྣབས་པ། སྐྲ་ཁམས་གྱེན་དུ་བརྫེས་ཤིང༌། སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་རྣོན་པོ་


TNT15_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་ལ། མས་མཆུ་འཕྱང་བ། ཚངས་པའི་སྐུད་པ་དང་རུས་པ་དང༌། སྦྲུལ་དང༌། དྲིལ་བུའི་འཕྲེང་བས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། གཡས་བསྐུམ་གཡོན་བརྐྱང་བཞེང་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དྲག་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། ཕྱོགས་བཞིར་ཧཱུཾ་བཞི་ལས། གཡས་སུ་ཡུམ་ཆེན་གཡུང་མོ་ནག་མོ། གཡོན་དུ་ལས་མཛད་གཏུམ་པོ་ལྗང་ཁུ། མདུན་དུ་དམར་ནག་སྲིན་མོ་ཆེན་མོ། རྒྱབ་ཏུ་སེར་ནག་སེང་གེ་གླིང་མ་སྟེ་བཞི་ཀར་ཡང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། རབ་ཁྲོས་དྲག་ཤུལ་ཕོ་ཉ་མོའི་ཆ་ལུགས་ཅན། སྤྱན་གསུམ་གཅེར་བུ་རྒྱན་མེད་པ། རབ་ཏུ་གྲིམ་ཞིང༌། གཙོ་བོ་ལ་སྔོན་དུ་ཕྱོགས་པ། ཕྱི་རོལ་ཁོར་ཡུག་ཏུ་བདུད་གཅོད་ཀྱི་བཤན་པ་ཉེར་གཅིགབདུད་འདུལ་གྱི་དམག་ཉི་ཁྲི་ཆིག་སྟོང༌། དྲེགས་པ་སྡེ་བརྒྱད། ལྷ་མ་སྲིན་ཞིང་གི་རྡུལ་སྙེད་ཀྱི་འཁོར་གྱིས་བསྐོར་བར་གྱུར། ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཏེ་སེ། བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་རྒོད་པའི་དུར་ཁྲོད་རྣམས་ནས། རྡོ་རྗེ་ནག་པོ་ཆེན་པོ་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞི་པ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ


TNT15_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ་ཧཱུཾ་ཕཊ། ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿ པདྨ་ཀ་ལ་མ་ཡ་སྟྭཾ། ཞེས་པ་ནས། རྒྱས་པར་མཛད་དུ་གསོལ་གྱི་བར། གུར་ལྕམ་དྲལ་གྱི་གཏོར་ཆོག་བཞིན་ལས། ཨོཾ་ཤྲཱི་མཧཱ་ཀཱ་ལ་མཧཱ་ཀ་ལི་དེ་ཝི་ཞེས་པའི་ཚབ་ཏུ། ཨོཾ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ། ཞེས་འདོན་པ་སྤོ། དམ་ཚིག་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་འཆིང་བ་ཡིན་ནོ། །དེ་བཞིན་དུ། གཏོར་མ་འབུལ་བའི་སྔགས་ནི། ཨོཾ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ་ཌོཾ་བྷི་ནི། ཙཎྜ་ལི། རཀྵ་སི། སིང་ག་ལི། དེ་ཝི་ས་པ་རི་ཝཱ་ར་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱི་ཕྱི་མཆོད་དང༌། ནང་མཆོད་ཀྱི་སྐབས། སྙིང་པོའི་མཐར། འབྲུ་གསུམ་བཏགས་པས་འབུལ། དེ་ནས་བསྟོད་པ་གཉན་ལོཙྪ་བས་མཛད་པ་སོགས་རྒྱས་པར་སྤྲོ་ན་བྱ། མདོར་བསྡུ་ན། ཧཱུཾ། ཡོན་ཏན་མྱུར་རྫོགས་དངོས་གྲུབ་མངའ་བའི་ལྷ། །མ་ལུས་རྨད་བྱུང་ཕན་པའི་དགོངས་པ་ཅན། །འཕྲིན་ལས་རྣམ་བཞིའི་བདུད་དཔུང་ཚར་གཅོད་པའི། །ལེགས་ལྡན་ནག་པོ་འཁོར་དང་བཅས་ལ་འདུད། །མི་རྟོགས་དབྱིངས་ལས་ཐུགས་


TNT15_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྐུར་བཞེངས་ཤིག །འབྱུང་བ་གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། །རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ནས་བཞེངས། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཞིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོག་དྲིལ་བུའི་འཕྲེང་བས་བརྒྱན་པ་ཡི། །གདོང་བཞི་ལྡན་ཁྱོད་ཏེ་སེའི་ཞིང་སྐྱོང་མཛད། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ཆེན་པོ་ཞལ་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། །རྒྱལ་བའི་བསྟན་པ་སྐྱོང་བ་དང༌། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་ཇི་ལྟར་འདོད་པའི་འདོད་དོན་གསོལ་བཏབ་རྣམས་བྱས་ནས། རྗེས་ཀྱི་བྱ་བ་རྣམས་གྲུབ་བོ། །འདིའི་རྗེས་གནང་གི་བྱ་བ་ནི། རྟེན་རྡོ་རྒྱ་ཆེ་ན། དེ་ལ་ཆོས་འབྱུང་གྲུ་གསུམ་མཐིང་ནག་ལྔ་ཚོམ་བྲི། ཆུང་ན། རྟེན་རྡོའི་སྟེང་དུ་ཆོས་འབྱུང་དབུས་མ་བྲི། དེར་འབྲུ་ནག་གི་ཚོམ་བུ་བཅུ་དགུའམ། ལྔ་འགོད། དེའི་སྟེང་ངམ། རྒྱབ་ཏུ་གཏོར་མ་གྲུ་གསུམ་ལྔ་ཚོམ་པ་མཉྫིའི་སྟེང་དུ་འགོད་པ་ཁྱད་པར་ཡིན། མདུན་བསྐྱེད་བཟླས་པའི་སྐབས། ཨོཾ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ་ཧཱུཾ་ཕཊ། ཅེས་པ་གཙོ་བོའི་སྙིང་པོ་དང༌། ཨོཾ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ། ཌོཾ་བྷི་ཎི། ཙཎྡྲ་ལི།


TNT15_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་སི། སིངྒ་ལི། དྭི་སི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། འཁོར་དང་བཅས་པའི་སྙིང་པོའོ། །འདི་ལ་རྩ་སྔགས་བཟླ་བའང་གལ་ཆེ་བས། ཅི་རིགས་པར་བཟླའོ། །རྗེས་གནང་གི་ཐོག་མར། ཆོས་ཀྱི་བྱུང་ཁུངས་བཤད་པའི་སྐབས་དེ་ཡང་གསང་བ་འདུས་པའི་རྒྱུད་འགའ་ཞིག་ལས་གསུངས་པར་གྲགས་ཤིང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་སྒྲུབ་པའི་ཐབས་མཛད། ཁྱད་པར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ནས་ཉེ་བར་བརྒྱུད་དེ། ཏ་ཐཱ་ག་ཏ་རཀྵི་ཏའི་སྒྲུབ་ཐབས་ཀྱི་རྗེས་སུ་འབྲང་བ་འདི། རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད། མགོན་པོ་འདི་བྲན་བཞིན་དུ་འཁོལ་པའི་ལོཙྪ་བ་གཉན་དར་མ་གྲགས་ཀྱིས་བོད་དུ་དར་བར་མཛད་པ་ལགས། དེ་ལྟར་ན་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞི་པ་འདིའི་རྗེས་སུ་གནང་བ་སྒྲུབ་པ་འདི་ལ་གསུམ་སྟེ། ཞེས་སོགས་ཇི་ལྟར་འོས་འོས་སུ་འདོན་པ་སྤོ། གཞན་མཎྜལ། གསོལ་བཏབ། རྒྱུན་བཤགས། སྡོམ་བཟུང་རྣམས་འདྲ་ཞིང༌། དེ་ནས་སློབ་དཔོན་ཉིད་བདག་བསྐྱེད་གང་བྱས་ཀྱི་ལྷའི་མངོན་རྟོགས་དང་མཐུན་པར་སྒོམ་དུ་བཅུགམདུན་གྱི་བསྐྱེད་གཞི་འདི་ཡང་ནག་པོ་ཆེན་པོ་གདོང་བཞི་པ་ཞེས་སོགས་གཏོར་ཆོག་ལྟར་དམིགས་པ་སྤོ། སློབ་དཔོན་དང༌། མདུན་བསྐྱེད་ལ་མོས་གུས་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཕོགདེ་ལས་འོད་ཟེར་བྱུང༌། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོགལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་དག ལུས་འོད་ཀྱི་ཕུང་པོ་ཆེན་པོ་ཧཱུཾ་གིས་མཚན་པར་


TNT15_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། དེ་ནས་སྐུའི་རྗེས་གནང་དངོས་ཀྱི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས། བདག་ལ་ནག་པོ་ཆེན་པོ་ཞལ་བཞི་པའི་སྐུའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་ཐིག་ལེ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། པད་ཉི་མི་རོའི་གདན་དང་བཅས་པའི་སྟེང་དུ་ནག་པོ་ཆེན་པོ། ཞེས་པ་ནས། ཐུགས་ཀར་ཧཱུཾ་གི་བར་གཏོར་ཆོག་བཞིན། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མདུན་གྱི་ཆོས་སྐྱོང་ལ་ཕོག་སྟེ། ཐུགས་རྒྱུད་བསྐུལ་བས། ཐུགས་ཀའི་ཧཱུཾ་ལས། མགོན་པོའི་སྐུ་དཔག་ཏུ་མེད་པ་བྱུང༌། ཡང་འོད་ཟེར་འཕྲོས་པས། ཏེ་སེ་བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་རྒོད་པའི་དུར་ཁྲོད་ནས། ཆོས་སྐྱོང་གི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཞེས་སོགས་འདོན་པ་སྤོ། གསུང་གི་རྗེས་གནང་གི་གསོལ་འདེབས་ཀྱང༌། གོང་མ་དེ་ཉིད་ལས། གསུང་གི་རྗེས་གནང་སྩལ་དུ་གསོལ། ཞེས་བསྒྱུར་ཞིང༌། སྔགས་རྣམས་གོ་བརྗེ། རྣམ་སྣང་གི་ཐུགས་ཀ་ནས། སྔགས་འབྲུ་སྤྱན་འདྲེན་པ་མི་དགོས། གཞན་གསུང་གི་རྗེས་གནང་གུར་དང་འདྲ། དེ་བཞིན་དུ། ཐུགས་ཀྱི་རྗེས་གནང་ལ་ཡང༌། ཐུགས་ཀྱི་རྗེས་གནང་སྩལ་དུ་གསོལ། ཞེས་བསྒྱུར་ལ་གསོལ་བ་འདེབས། ལྷག་མ་བཀའ་བསྒོ་རྫོགས་


TNT15_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་གུར་ལྕམ་དྲལ་གྱི་རྗེས་གནང་དང་འདྲ་བ་ལས། སྔ་ཕྱི་ཐམས་ཅད་དུ་ནག་པོ་ཆེན་པོ་ལྕམ་དྲལ་ཞེས་པ་རྣམས། ཞལ་བཞི་པ་ཞེས་མཚན་སྤོ། ལྷ་མོ་སྤྱན་འདྲེན་དང༌། ལྷ་མོའི་སྔགས་བཀོད་ཚུལ་སོགས་མི་དགོས། སྒྲུབ་པའི་ལུང་སྦྱིན་པ་འདི་ལ་མེད། མི་འབྲལ་ཞིང་གསང་བར་སྦ་བ་མན་ཆད། སློབ་མའི་རྗེས་ཀྱི་ཆོ་ག་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང༌། གུར་ལྕམ་དྲལ་གྱི་སྐབས་ཉིད་འདོན་པ་སྤོས་པས་འགྲུབ་བོ། །དྲེགས་པ་ཀུན༵་གྱི་གཙོ་བོ་འདིའི། །སྒྲུབ་ཡིག་རྣམ་མང་རབ་དག༵འ་བ། །དེ་ལས་སློབ་མ་རྗེས་བཟུང་གི །ལག་ལེན་སྙིང་པོ་ཙམ་ཞིག་བྲིས། །དཔལ་མགོན་ཞལ་བཞི་པ་བསྙེན་དུས་དང་འབྲེལ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །