ལས་སྦྱོར་མགོན་པོའི་སྒྲུབ་ཐབས།


TNT15_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཞིང་སྐྱོང་དྲེགས་པ་མཐུ་སྩལ་ཅན། །སྟོབས་འཕྲོག་དབང་པོ་ལ་བཏུད་ནས། །སྒྲུབ་དུས་དང་ནི་ལས་སྦྱོར་གྱི། །སྒྲུབ་ཐབས་རྗེས་གནང་ཅུང་ཟད་བཤད། །དེ་ཡང་བསྙེན་དུས་ཀྱི་སྒྲུབ་ཐབས་རྗེས་གནང་ངེས་པར་བྱས་ལ། མི་འདྲ་བའི་ཁྱད་པར་ཅུང་ཟད་ནི། རྩ་ཞལ་ནག་པོ་མི་རོ་ཟ་བ། ཆེར་ཁྲོས་ཤིང་རྔམ་པ། གཡས་ཞལ་དཀར་པོ་རྒྱ་ཆེར་བཞད་པ། གཡོན་ཞལ་དམར་པོ་འཛུམ་ཞིང་འཇིགས་པ། སྟེང་ཞལ་དུད་ཁ་མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་གྲི་གུག་དང༌། གཡོན་གྱི་དང་པོ་ཐོད་པ་དགྲ་བགེགས་ཀྱི་སྙིང་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་འབར་བའི་རལ་གྲི་དང༌། གཡོན་འོག་མ་རུས་འཕྲེང་འགག་ཐབས་སུ་


TNT15_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱར་ཞིང༌། རྩེ་གསུམ་འཛིན་པ། མཆན་ཁུང་དུ་གསེར་གྱི་བུམ་པ་བདུད་རྩིས་གང་བ་བཅུག་པ། ཞེས་དང༌། བཟླས་པའི་སྐབས། རྩ་སྔགས་ཤམ་བུ་ཅན་དེ་བཟླ། རྗེས་གནང་ཡང་ཐུན་མོང་བ་ནི། བསྙེན་དུས་ཉིད་འདོན་པ་སྤོས་པས་ཆོག་ལ། ཐུན་མོང་མ་ཡིན་པར་གྲགས་པ་ནི། རྗེས་གནང་དཀྱུས་མ་སོང་མཚམས་སུ། ཕྱག་མཚན་དང་རྟེན་གཏོད་པ་ཡིན་ཏེ། ཧཱུཾ། གདུག་ཅན་གཡུལ་ངོར་བསྒྲལ་བའི་ལྕགས། །གྲི་གུག་དུག་གིས་ངར་བླུད་པའི། །མཚོན་ཆེན་མི་བཟད་འབར་བ་འདི། །རྣམ་རྟོག་དགྲ་བོའི་གཤེད་དུ་སྦྱིན། །ཨོཾ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ་ཀརྟ་རི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གྲི་གུག་གཏད། ཀེང་རུས་ཡུ་བ་སྤྲོས་བྲལ་ཏེ། །སྐུ་གསུམ་རབ་གནོད་རྩེ་མོ་ཅན། །དར་ནག་འཕྱང་ཕྲུལ་འཕྲིན་ལས་ཏེ། །དུག་གསུམ་གཉེན་པོར་ཁྱོད་ལ་སྦྱིན། ཀརྟ་རི་ཞེས་པའི་དོད་དུ་ཏྲི་ཤུ་ལ་ཞེས་བརྗོད་ལ་རྩེ་གསུམ་གཏད། སྟོང་ཉིད་རྡོ་རྗེའི་ཡུ་བས་མཚན། །སེམས་ཉིད་ངར་ལྡན་རལ་གྲི་ཆེ། །ཡེ་ཤེས་མེ་འབར་གཡུལ་བཟློག་པའི། །མ་རིག་གཅོད་བྱེད་མཚོན་འདི་སྦྱིན། ཁ་ཁངྒ། ཞེས་རལ་གྲི་གཏད་དོ། །རང་བཞིན་གནས་ལུགས་མདུང་རིང་ནི། །ཆོས་སྐུ་རྣོ་དབལ་རྩེ་མོ་ཅན། །སྙིང་རྩེ་བ་དན་ལྷབ་ལྷུབ་སྟེ། །མ་རུངས་འབིགས་པའི་མཚོན་འདི་སྦྱིན། །ཤུ་ལ། ཞེས་མདུང་རིང་གཏད། རབ་དཀར་སྟོང་ཉིད་ཀ་པཱ་ལ། །བདེ་ཆེན་རཀྟས་གཏམས་པ་འདི། །


TNT15_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ཟུང་འཇུག་བཅུད་ཆེན་པོ། །མཁའ་འགྲོ་རོལ་པའི་སྦྲང་རྩི་སྦྱིན། །ཀ་པཱ་ལ། ཞེས་ཐོད་པ་གཏད། གཏུམ་ཆེན་བསད་པའི་ནི་རང་སུ། །མཚོན་གྱིས་བསྲུབས་པའི་དུང་ཅན་འཕྲེང༌། །རྡོ་རྗེ་སྔགས་ཀྱི་གྲངས་འཛིན་པ། །ཤུན་ཆེན་སྲད་བུས་བརྒྱུས་འདི་སྦྱིན། །ནི་རང་སུ་མཱ་ལས། ཞེས་ཐོད་འཕྲེང་གཏད། ཛམ་བུ་ན་དའི་བུམ་བཟང་ནི། །ལྷ་རྫས་མགུལ་ཆིངས་ཉེར་མཛེས་ཤིང༌། །དངོས་གྲུབ་བདུད་རྩིའི་རྒྱུན་གྱིས་གཏམས། །མི་བཟད་ལོངས་སྤྱོད་གཏེར་འདི་སྦྱིན། །གྷ་ཊ། ཞེས་བུམ་པ་གཏད། མི་དབང་རྐང་གླིང་ང་རོ་ཅན། །གནས་གསུམ་མཁའ་འགྲོ་འབོད་པའི་སྒྲ། །སྡེ་བརྒྱད་དམག་དཔུང་འགྱེད་པའི་བརྡའ། །དམ་ཚིག་བསྐུལ་ཕྱིར་ཁྱོད་ལ་སྦྱིན། །མཧཱ་ཝཾ་སེ། ཞེས་རྐང་གླིང་གཏད། མཚན་ལྡན་སྐྱེས་བུས་བཙལ་བ་ཡིས། །རང་བྱུང་རྡོ་ནག་མགོ་གསུམ་པ། །ཞིང་སྐྱོང་བླ་རྡོ་རྟེན་པའི་རྫས། །རང་བཞིན་ཕོ་བྲང་དམ་པ་སྦྱིན། །ཤ་ལ་མཎྜལ། ཞེས་རྟེན་རྡོ་གཏད། གསུང་གི་ངོ་བོ་ཡིག་འབྲུའི་གཟུགས། །གསང་བའི་ངོ་བོ་སྲོག་གི་རྟེན། །བདུད་དཔུང་འཁོར་ཚོགས་ཟིལ་གནོན་པ། །འབྲལ་མེད་བསྲུང་བའི་འཁོར་ལོ་བཟུང༌། །ཙིཏྟ་ཙཀྲ་གུ་ཧྱ། ཞེས་སྲོག་འཁོར་གཏད། དཔའ་བོ་གཡུལ་དུ་བསྒྲལ་བའི་སྙིང༌། །རྩེ་གསུམ་


TNT15_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་རྫས་ཀྱི་བཀང༌། །བསྐྱེད་ཅིང་བྱིན་རླབས་གསང་བའི་རྟེན། །སྣོད་ལྡན་བུ་ཡིས་སྙིང་གར་བཟུང༌། །བི་ར་གུ་ཧྱ་ཙིཏྟ། ཞེས་གྲི་སྙིང་གཏད་དོ། །ཕྱག་མཚན་གཏོད་པ་རྣམས་ལ་བླ་མ་གཉན་གྱིས་མཛད་པའི་ཕྱག་མཚན་འབུལ་བའི་ཚིག་གིས་གཏོད་པའི་ལུགས་ཀྱང་ཡོད་དེ། ལེགས་པར་ཡང་སེམས་སོ། །ལྷག་མ་ནི་བསྙེན་དུས་དང་འདྲའོ། །ལས་སྦྱོར་མགོན་པོ་ནི། གཡས་ཞལ་བརྩེགས་མ་གཉིས་སྔོན་པོ། གཡོན་ཞལ་བརྩེགས་མ་གཉིས་ལྗང་ཁུ། ཕྱག་གཡོན་འོག་མས་གསེར་གྱི་བུམ་པ་མྱོས་བྱེད་ཀྱིས་གང་བ་འཛིན་པ་ཞེས་འདོན་པ་སྤོ། ཁ་ཅིག་རྣམ་འགྱུར་བཞི་པ་ཞེས་ལས་སྦྱོར་མགོན་པོ་ཞལ་བཞི་འཁོར་ཞལ་དང་འདི་ལ་སྤོགས་ཆོག་མགོན་པོ་ཟེར་ནའང་སྤོགས་ཆོག་ལས་སྦྱོར་གྱི་ནང་ཚན་ཡིན་པས་ལས་སྦྱོར་མགོན་པོ་ཟེར་ལས་སྦྱོར་ཕལ་པ་ལ་རྣམ་འགྱུར་ལོགས་པ་མི་བྱེད་པ་ཉིད་མང་ངོ༌། །རྗེས་གནང་གི་སྔོན་འགྲོ་རྣམས་བསྙེན་དུས་དང་འདྲ། དང་པོ་གཏོར་དབང་སྙིང་ཞུགས་དང་བཅས་པ་བསྐུར་ནས། དེ་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱེད་པ་ཡིན་ནོ། །སྤྱིར་བསྙེན་སྒྲུབ་གང་རུང་ཞིག་གི་རྗེས་གནང་ཐོབ་པས་ཐམས་ཅད་ཉམས་སུ་བླང་དུ་ངེས་པར་རུང་བ་ཡིན་ནའང༌། བླ་མ་སྔ་རབས་པ་རྣམས་ཕྱག་ལེན་གྱི་དུས་ནས་སོ་སོར་བཀའ་རེ་མཛད་པའི་ཕྱིར། ཐམས་ཅད་ཐོབ་ན་ཤིན་ཏུ་ལེགས་པ་ཡིན་ནོ། །ཀུན༵་དུ་གཉན་ལོ་མཐུ་ཆེ་ཞེས། །དག༵འ་བར་གྲགས་པའང་ཆོས་སྐྱོང་བ། །འདི་ལས་ཡིན་ཞེས་སྙིང༵་ནས་སྒྲོགས། །ཏེ་པོ༵ར་བསྒྲུབས་ན་ཀུན་ཀྱང་འདྲ། །ཞལ་བཞི་པ་སྒྲུབ་དུས་དང༌། ལས་སྦྱོར་མགོན་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །