ཤ་ཟ་ཅེ་སྤྱང་གདོང་གི་སྒྲུབ་ཐབས།


TNT15_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་ཡི་དམ་མགོན་པོ་ལ། །བཏུད་ནས་གསང་བའི་ལས་མགོན་ནི། །སྟོབས་འཕྲོག་དབང་དང་དབྱེར་མེད་པ། །ཤ་ཟ་དྲག་པོའི་སྒྲུབ་ཐབས་བཤད། །ཡི་དམ་དང་མགོན་ཆེན་གང་རུང་ཞིག་གི་བསྙེན་པ་སོང་བས་མདུན་དུ་གྲི་ཁྲག་གིས་མཎྜལ་ཚོམ་བུ་ཅན་རྟེན་གཏོར་མཆོད་གཏོར་དང་བཅས་པ་བཤམ། ཡི་དམ་མམ་མགོན་པོ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་བསངས་སྦྱངས། སྐད་ཅིག་གིས་ཤ་ཟ་


TNT15_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

ཅེ་སྤྱང་གདོང་སྐུ་མདོག་དམར་ནག་མི་བཟད་པའི་མཆེ་བ་གཙིགས་ཤིང༌། སྤྱན་གསུམ་ལས་མེ་སྟག་འཕྲོ་བ། རལ་པ་ཁམ་ནག་གྱེན་དུ་འབར་ཞིང༌། ལྟོ་བ་འཕྱང་ལ་ལྷུ་ཚིགས་ཐུང་བ། ཕྱག་གཡས་གྲི་གུག་འཕྱར་ཞིང༌། གཡོན་སྲིན་པོའི་ཐོད་པ་མིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་ནས་ཞལ་དུ་རྔུབ་པ། ཞབས་གཡས་གྱེན་དུ་བསྐྱོད་ཅིང༌། གཡོན་ཐུར་དུ་བརྡབས་པས་ཉམས་པའི་བཾ་ཆེན་མགོ་བོ་ལྟབ་སྟེ་བརྫིས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། སྦྲུལ་གྱི་ཆུན་པོ་དང་རྒྱུ་མའི་ག་ཞ་ཅན། བ་སྤུའི་བུ་ག་ནས་ཤ་ཟ་དང་ཅེ་སྤྱང་གི་ཚོགས་སྤྲོ་བ། མེ་རླུང་འཚུབ་མའི་དབུས་ན་བཞུགས་པའོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས་སྤྱན་དྲངས་ལ་བསྟིམ། རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན། གནས་གསུམ་བྱིན་གྱིས་བརླབས། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་མཧཱ་ཀ་ལ་བི་ཀ་ལ་ཧ་རི་ཧཱུཾ་ཕཊ། ཅེས་ཅུང་ཟད་ཅིག་བཟླས་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། མགོ་མེད་གར་དང་ཤ་འཚོལ་ཅེ་སྤྱང་སྒྲ་སྒྲོག་པ། །འཇིགས་པའི་རོ་ལངས་ཐོད་པ་འཁྲུགས་བྱེད་པ། །འཁོར་བཅས་དུར་ཁྲོད་གནས་ན་གར་མཛད་གང་ཡིན་པ། །ཤ་ཟ་ཅེ་སྤྱང་གདོང་ཅན་ཁྱོད་ལ་བསྟོད། །དམ་ལ་བཞག་པ་མནའ་ཆུ་བླུད་པ། དམ་ཚིག་གི་རྡོ་རྗེ་བཞག་པ། མཆོད་པ་བསྟབ་པ་


TNT15_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གྲི་གུག་ལྷ་དགུ་བཞིན་བྱ། དེ་ནས་གོང་གི་སྙིང་པོ་ཅི་འགྲུབ་ཏུ་བཟླས་ཤིང༌། ལས་སྦྱོར་གྱི་སྔགས་ཀྱང་སྤྲོ་ན་ཅི་རིགས་པར་བཟླའོ། །གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ལ། སྙིང་པོའི་མཐར། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། བཏགས་པས་འབུལ། མཆོད་བསྟོད་འདོད་དོན་གསོལ་བཏབ་བྱ། འདིའི་བཀའ་གཏད་ནི། སློབ་མ་མགོན་པོའི་བསྙེན་པ་སོང་བ་ཡིན་ན། མགོན་པོའི་སྐུའི་རྗེས་གནང་ཡན་ཆད་བྱས་ལ། གཏོར་མ་ལག་ཏུ་གཏད་དེ་བཀའ་སྡོད་ཀྱི་སྒོ་ནས་བཀའ་བསྒོ་བྱ། དེ་རྗེས་བཟླས་ལུང་སྦྱིན་ནོ། །མགོན་བསྙེན་མ་སོང་ན། རྗེས་གནང་གི་སྔོན་འགྲོ་རྣམས་སོང་བའི་རྗེས་སུ་གཏོར་དབང་སྤྱི་དང་མཐུན་པར་བསྐུར་ནས་བཟླས་ལུང་སྟེར་བ་ཡིན་ནོ། །མགོན་པོ་ཡང་གྲི་གུགགུར་ཕྱག་བཞི་དྲུག་རྣམས་གང་ལ་བརྟེན་ཀྱང་འདྲའོ། །རྭ་གཉན་གཉིས་ཀའི་གདམས་པར་ཡང་། །ཀུན༵་དུ་གྲགས་ཤིང་རབ་དག༵འ་བ། །དྲགས་སྔགས་རྣོ་མྱུར་ཚིག་ཤུར་གྱི། །བཀའ་གཏད་སྙིང༵་པོ༵འི་ཡི་གེའོ། །ཤ་ཟ་ཅེ་སྤྱང་གདོང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། སྔ་མ་ལས་འཕྲོས་པའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ཉེར་གཅིག་པའོ།། །།མངྒ་ལཾ། །