རེ་མ་ཏཱི་རྡོ་རྗེ་གཤོག་རྒོད་མར་གྲགས་པའི་སྒྲུབ་ཐབས


TNT15_Page_1039
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་སྟོང་གི་འཕྲིན་ལས་མ། །སྨུག་ནག་ཆེན་མོ་དཔལ་ལྡན་མ། །དེ་ཡི་སྒྲུབ་ཐབས་མདོ་ཙམ་ཞིག །བརྗོད་ཀྱི་འདི་ལ་སྒྲུབ་པ་བྱ། །རང་ཡི་དམ་དུ་གསལ་བའི་གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཆོ་གའི་གཞི་ཡང་ལྷ་མོའི་སྤྱི་དང་འདྲ་བ་ལས། རང་གི་མདུན་དུ་རཀྟའི་རྒྱ་མཚོ། ནང་མེ་རླུང་འཚུབ་མའི་དབུས་སུ་ཀཾ་ལས་ལྷ་མོ་རྡོ་རྗེ་གཤོག་རྒོད་རྩལ། སྨུག་ནག་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཐོད་པ་འཛིན་པ་མཆན་ཁུང་དུ་ནེའུ་ལེ་བསྣམས་པ་མི་ལྤགས་ཀྱི་སྟོད་གཡོགས་ཅན། སྐུ་སྟོད་མཚོན་ཆ་འབར་བའི་གཤོག་པ་ཅན། གཞན་ལྷ་མོ་དྲེའུ་ཞོན་སྤྱི་དང་འདྲ། སྤྱན་འདྲེན་གྱི་སྐབས། རག་མོ་དུ་ར་དུནྟིང་བྷྱོཿ ཁ་ཁ་དུ་ར་དུནྟིང་བྷྱོཿ ཧེ་ར་དུ་ར་དུནྟིང་བྷྱོཿ ཞེས་སྤྱན་འདྲེན་གཏོར་


TNT15_Page_1040
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི། ཨོཾ་བཱ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཡོ་ཀི་ནཱི་ཁ་རཾ་ཁཱ་ཧི། ཌཱ་གི་ནཱི་ཁ་རཾ་ཁཱ་ཧི། སྟཾ་པ་བྷ་ག་ཏ་ཨ་ཀ་ས་ལ་ཧོ། ཞེས་ལན་བདུན་གྱིས་ཕུལ། སྙིང་པོ་ནི། ཏདྱ་ཐཱ། རུ་རུ་བི་ཏིཥྛ་བད་དྷོ་མ་མོ་རག་མོ་ཙིཏྟ་ཁ་རག་མ་བྷྱོཿབྷྱོཿསྭཱ་ཧཱ། ཞེས་པའོ། །འདོད་གསོལ་གྱི་སྐབས། ལྷ་མོ་རྡོ་རྗེ་དབང་སྒྲུབ་མ། །འཕྲིན་ལས་བཅོལ་བའི་དུས་ཀྱི་ཚེ། །ཉིན་གསུམ་ཁྲ་ལྟར་འཁྱུག་ཅིང་བྱོན། །མཚན་གསུམ་གློག་ལྟར་འཁྱུག་ཅིང་བྱོན། །བསྟན་པ་བསྲུང་བའི་དུས་ལ་བབ། །མ་གཅིག་རྡོ་རྗེ་གཤོག་རྒོད་རྩལ། །དགྲ་བོ་འཇོམས་པའི་དུས་ལ་བབ། །དཔལ་ལྡན་རྡོ་རྗེ་རབ་བརྟན་མ། །རཀྟའི་མཆོད་པ་འདི་བཞེས་ཤིག །ཤ་ཁྲག་གཏོར་མ་འདི་བཞེས་ཤིགཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བདག་གི་བསམ་པ་ཐམས་ཅད་སྒྲུབས། །འདི་ཡི་རྗེས་གནང་ནི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དཀྱུས་མ་བྱེད་པའི་སྲོལ་ཡོད་ནའང༌། བདུད་མོ་རེ་མ་ཏཱིའི་སྐབས་སུ་བཤད་པ་ལྟར་བྱའོ། །ཀུན༵་ནས་མཚན་མང་ལྡན་ན་ཡང༌། ཁོལ་མོ་རེ་མ་ཏཱི་རུ་གྲགས། །རབ་དག༵འ་སྒྲུབ་ཐབས་ཉེར་མཁོ་ཡི། །སྙིང༵་པོ༵་ཁོལ་ཕྱུང་ཡི་གེའོ། །རེ་མ་ཏཱི་རྡོ་རྗེ་གཤོག་རྒོད་མར་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །