གཤིན་རྗེ་མཐིང་གའི་སྒྲུབ་ཐབས།


TNT15_Page_1045
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད། །དེ་ལ་གུས་པས་བཏུད་བྱས་ནས། །གཤིན་རྗེའི་རྒྱལ་པོའི་སྒྲུབ་ཐབས་བཤད། །གཏོར་མ་ཤ་ཁྲག་གིས་བརྒྱན་པ་དང༌། ཉ་ཤའི་སྤོས་སོགས་དམ་རྫས་ཚང་བར་བྱས་ཏེ། འཇམ་དཔལ་ཁྲོས་པའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་གཏོར་ཡི་དམ་ལྟར་བྱིན་གྱིས་བརླབས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རཀྟའི་རྒྱ་མཚོའི་དབུས་སུ་ཐོད་མཁར་འབར་བའི་གཞལ་ཡས་ཁང་ཀེང་རུས་ཀྱིས་ཐོག་ཕུབ་པ། དེའི་དབུས་སུ་མེ་རླུང་འཚུབ་མའི་ནང་ན་པད་ཉི་ལ་གནས་པའི་མ་ཧེ་ནག་པོ་དྲེགས་ཤིང་ཁྲོས་པ་དགྲ་བགེགས་ཀྱི་བཾ་ཆེན་བརྫིས་པའི་སྟེང་དུ། ཡ་ལས་དབྱུག་པ་ཡས་མཚན་པ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་པ་ཅན། ཕྱག་གཡས་རྡོ་རྗེས་མཚན་པའི་ཐོད་དབྱུག་ནག་པོ་འཕྱར་ཞིང༌།


TNT15_Page_1046
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཞགས་པ་ནག་པོ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང༌། མཆེ་བ་གཙིགས་པ། གཅེར་བུ་ལིང་ག་གྱེན་དུ་བསྒྲེང་བ། རབ་ཏུ་འཇིགས་པའི་ཉམས་ཅན་རྒྱན་སྤངས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་མེ་རླུང་འཚུབ་མའི་ཀློང་ན་མ་ཧེའི་གདན་ལ་བཞུགས་པའོ། །གཡོན་དུ་ཙཾ་ལས་ཡུམ་ཙ་མུཎྜི་ནག་མོ་སྐྲ་དམར་སེར་སིལ་བུར་གྲོལ་ཞིང་ནུ་མ་འཕྱང་བ། བ་ལང་གི་པགས་པ་དང༌། གོས་ནག་གྱོན་ཞིང༌། ཏྲི་ཤུ་ལ་དང༌། ཐོད་པ་ཐོགས་པ་ཆེར་ཁྲོས་པའོ། །མཐའ་སྐོར་དུ་ཡ་བ་ཏི་བེ་ཅོན་འཛིན་པ། ཕྱ་སངས་འཁོར་ལོ་འཛིན་པ། དམིགས་པ་གསལ་ཞིང་འཛིན་པ། རལ་པ་ཚར་དགུ་མདུང་ཐུང་འཛིན་པ། གཤིན་རྗེའི་ཕོ་ཉ་ལྕགས་ཀྱུ་འཛིན་པ། དུས་ཀྱི་ཞགས་པ་བདུད་ཞགས་འཛིན་པ། ཡ་མ་དཎྜི་བེ་ཅོན་འཛིན་པ། ཡ་མ་དཾ་ཥྟི་མཆེ་བ་འབར་བ་འཛིན་པ། དུས་མཚན་མོ་དང༌། གསོད་པ་མོ་དང༌། ནག་མོ་དང༌། ནམ་གྲུ་ཤ་ཀ་ལཱི་ལ་སོགས་པ་གཤིན་རྗེ་དང༌། མ་མོའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་གཤིན་རྗེའི་གྲོང་ཁྱེར་སྒོ་མེད་ལྕགས་ཀྱི་མུན་ཁང་བཅུ་དྲུག་ནས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་


TNT15_Page_1047
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མཱ་ཛཿ རུས་སྦལ་གྱི་འདུག་སྟངས་བཅས་ལ། རྡོ་རྗེ་བསྡམས་པ་ལས་སྲིན་ལག་བརྐྱང་བའི་གཤིན་རྗེའི་དམ་རྒྱ་གཡབ་ཅིང༌། ཧཱུཾ། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །རིམ་པ་བདུན་གྱི་ས་འོག་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་སྡེ་དཔོན་པ། །མ་མོ་ཀུན་གྱི་ཚོགས་རྗེའོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་བཀོས་ལ་འདེབས་པ་པོ། །ཤི་བ་ཀུན་གྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་བཏངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧྲཱིཿཥྟིཿའི་མཐར། ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་སྤྱན་དྲངས། གོང་གི་དམ་རྒྱ་དེ་ཉིད་དམ། རྡོ་རྗེ་ཁུ་ཚུར་གྱི་གུང་མོ་བརྐྱང་བ་དབྱུག་པའི་ཕྱག་རྒྱ་འཕྱར་བས་ཀྱང་རུང་སྟེ། ཧྲཱིཿཥྟིཿའི་མཐར་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། ཞེས་དམ་ལ་བཞགཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་བསྡུས་པ་ཞིག་འབུལ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང༌། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཨོཾ་ཡ་མ་རཱ་ཛ་ས་མ་ཡ་པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ།


TNT15_Page_1048
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡས་བེ་ཅོན་གྱི་ཕྱག་རྒྱ་བཅས། གཡོན་པས་སོ་སོའི་ཕྱག་རྒྱ་བཅའ་བའམ། གཏོར་སྣོད་དམ་བཟེད་ཞལ་དུ་མཆོད་པ་བསྟབས་ལ། ཧྲཱིཿཥྟིཿའི་མཐར་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། དེ་བཞིན་དུ། པཱདྱཾ། བཛྲ་པུཥྤེ་པཱུ་ཛ་ས་མ་ཡེ་ཧཱུཾ། དེ་ནས་ནཻ་ཝི་དྱའི་བར་རིགས་འགྲེ། རོལ་མོའི་སྒྲ་བསྒྲགས་ཤིང༌། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་བརྗོད། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་སྔ་རུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་དང༌། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་སོགས། །ཕྱི་ནང་གསང་བའི་དམ་ཅན་མ་ལུས་ལ། །བདག་གི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཞེས་བསྟོད། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཀ་ལ་རཱུ་པ་ཧཱུཾ་ཕཊ། ཤིན་ཏུ་ཉེ་སྙིང༌། ཨོཾ་ཀ་ལ་རཱུ་པ་ཡ་མ་རཱ་ཛ་ཡ་ཧཱུཾ་ཕཊ། ཉེ་སྙིང་དང༌། ཨོཾ་ཀ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུཾ་མཧཱ་རོ་ཥ་ཎ་ར་སིདྡྷི་ཡེ་ཡ་མ་རཱ་ཛ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའི་སྙིང་པོ་རྣམས་ཅི་འགྲུབ་ཏུ་བཟླས། ཨོཾ་ཧྲཱིཿཙ་མུཎྜི་ཧཱུཾ་ཕཊ། ཅེས་ཡུམ་གྱི་སྔགས་ཀྱང་བཟླ། མཐར་ཨོཾ་ཀ་ལ་རཱུ་པ་སརྦ་བིགྷྣཱན་ཤ་ཏྲུ་ན་མཱ་ར་ཡ་ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། འཆི་བདག་དམ་ཅན་གཤིན་རྗེ་ནི། །འཇམ་པའི་དབྱངས་ཀྱི་ཕྱག་བརྙན་ཏེ། །མ་གཤིན་འབྱུང་པོའི་ཚོགས་བཅས་ལ། །མཆོད་ཅིང་


TNT15_Page_1049
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དེ་ཕྱག་ཀྱང་འཚལ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་སྲས། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། །རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་ཀྱིས་བརླན། །རྒྱུད་ནི་ཡེ་ཤེས་རྡོ་རྗེ་འཆང༌། །གཟི་བྱིན་སྐུ་གསུང་ཐུགས་ཀྱིས་བསྐྱེད། །དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །རྒྱལ་པོ་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།གི་བར་བརྗོད། དྲག་པོའི་ལས་ཀྱི་དོན་ཡིན་ན། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །སོགས་ཀྱིས་འཕྲིན་ལས་བཅོལ། གང་ལྟར་ཡང་གཏོར་མ་ལྷོ་ཕྱོགས་སུ་གཏོང༌། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། བདག་བསྲུང༌། བཀྲ་ཤིས་རྣམས་བྱའོ། །ལས་གཤིན་མ་ཧེའི་གདོང་དང༌། ལིངྒ་གྱེན་བསྒྲེང་དུ་བྱེད་པ་ནི། འཇིགས་བྱེད་ཁོ་ན་དང་སྦྲེལ་བའི་དབང་དུ་བྱས་པ་རྭ་བའི་མན་ངག་ཁྱད་པར་ཅན་ཡིན་ལ། གཞན་དུ་ཁྲོ་ཞལ་དུ་ཡང་བྱ་ཞིང༌། མི་མགོའི་ཕྲེང་བ་ཙམ་གྱི་རྒྱན་དང༌། རུས་འཕྲེང་ཙམ་དང༌། དུར་ཁྲོད་ཀྱི་ཆས་རྫོགས་པ་སོགས་ཅི་རིགས་སུ་འབྱུང་བ་རྣམས་ནི་འདམ་ཀ་དང༌། ལས་སོ་སོའི་གནས་སྐབས་ཡིན་པས། དེ་དང་དེའི་མན་ངག་ཤེས་པར་བྱའོ། །བཅུ་གསུམ་མར་བྱེད་ན། དྲག་པོའི་


TNT15_Page_1050
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་གྲུ་བཞི་སྒོ་བཞིའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཞི་པ། ལྟེ་བ་ལ་གཙོ་བོ་ཡབ་ཡུམ། རྩིབས་བཞི་ལ་ཡ་ལས་གཤེད་པོ་བཞི་ནག་པོ། སྒོ་བཞིར་གཤིན་རྗེ་ཕོ་ཉ་སོགས་གྱིང་ཆེན་བཞི་དཀར་པོ། གྲྭ་བཞིར་ཀ་ལ་ར་ཏྲི་ལ་སོགས་པ་མ་མོ་བཞི་དམར་མོ། ཕྱག་མཚན་དང༌། བཞོན་པ་བསྐུལ་ཞིང་བསྐྱོད། ཉང་སྟོད་ཨཱརྱའི་ལུགས་ཀྱི་བཅུ་གསུམ་མ་ལ་ནི། ཡ་ཝ་ཏི་སོགས། ཆུ་སྲིན། སེང་གེ འབྲུག་དང༌། བྱ་ཁྱུང་རྣམས་ལ་ཆིབས་པ། གྱིང་ཆེན་བཞི་སྟག་གཟིག་དོམ་རྣམས་ལ་ཆིབས་པར་བྱས་ཡོད། ལྷོ་ཕྱོགས་ཀྱི་ལས་གཤིན་ལ། ཤར་དུ་ཡ་བ་ཏི། ལྷོར་ཆོས་ཀྱི་རྒྱལ་པོ་ཞེས་སོགས་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བར་བྱེད་པ་ནི། མི་ལེགས་ཏེ། ཕོ་བརྒྱད་ཀྱི་ནང་ཚན་ཆོས་ཀྱི་རྒྱལ་པོ་ཉིད་གཙོ་བོ་ཡིན་པའི་ཕྱིར་རོ། །འདིའི་རྗེས་གནང་ནི། གཙོ་རྐྱང་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གཏོར་དབང་དང་བཅས་པ་དཀྱུས་མ་རེ་མཛད་པའི་ལུགས་ཀྱང་ཡོད་ཅིང༌། འཁོར་བཅས་ཀྱི་དབང་དུ་བྱས་ནས། མཎྜལ་གྲུ་གསུམ་མཐིང་ནག་ཚོམ་བུ་ནག་པོ་ཅན་གྱི་སྟེང་དུ། རྟེན་གཏོར་སྙིང་གཟུགས་མའམ་གྲུ་གསུམ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། གཏོར་མ་གཉིས་ཀར་ལ་བ་དན་ནག་པོ་བཙུགས། སྔོན་འགྲོ་གཏོར་མ་བཏང༌། བདག་བསྐྱེད་ནས་མདུན་བསྐྱེད་ཀྱི་འདོད་དོན་གསོལ་བཏབ་ཀྱི་བར་གོང་བཞིན་བྱས་ལ། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཀྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། རིགས་ལྔའི་སྡོམ་བཟུང་བྱ། སློབ་མ་གཤིན་རྗེ་གཤེད་དུ་བསྐྱེད། མདུན་གྱི་གཏོར་མ་ཆོས་རྒྱལ་འཁོར་


TNT15_Page_1051
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སུ་བསྐྱེད་ཅིང༌། རོལ་མོའི་སྒྲ་དང་བཅས་སྤྱན་དྲངས། དམ་བཞག་མཆོད་བསྟོད་དགུག་གཞུག་རྣམས་བྱ། སློབ་མའི་སྙིང་གར་པད་ཉི་ལ་ཡ་དང་ཧཱུཾ་བརྩེགས་པའམ། སྙིང་གར་ཉི་མ་ལ་ཧཱུཾ་ཡིག་འབར་བ། ལྟེ་འོག་ཏུ་ཉི་མ་ལ་ཡ་ཡིག་གསལ་བཏབ་ཀྱང་རུང་སྟེ། སློབ་དཔོན་གཤིན་རྗེ་གཤེད་ཀྱི་སྐུར་གསལ་བའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཆོས་ཀྱི་རྒྱལ་པོའི་སྐུ་གཉིས་པ་ཞིག་ཆད་དེ། སྙིང་གའམ་ལྟེ་བའི་ཡ་ལ་ཐིམ་པར་བསམས་ལ། སྐུ་འདྲ་ཙ་ཀ་ལི་གཏད་དེ། གཏི་མུག་ཁྲོས་པ་ཡ་མ་རཱ་ཛ་ནི། །གཏི་མུག་ཅན་གྱི་རྒྱུད་ལ་ཁྱབ་པར་འཇུག།སེམས་ཅན་གཏི་མུག་ཡོངས་སུ་སྦྱོང་བའི་ཕྱིར། །མེ་ལོང་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཧྲཱིཿཥྟིཿའི་མཐར་ཀ་ལ་རཱུ་པ་ཡ་མ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། སྐུའི་རྗེས་གནང་ངོ༌། །དེ་ཉིད་དང་འདྲ་བ་ལས་སྔགས་འཕྲེང་བྱུང་སྟེ། ལྟེ་བའི་ཡ་ལ་ཐིམ། སྔགས་བྱང་ལག་ཏུ་གཏད། གོང་གི་ཚིགས་བཅད་ལ་གཏི་མུག་ཅེས་པའི་གནས་སུ་འདོད་ཆགས་ཞེས་པ་དང༌། མེ་ལོང་ཡེ་ཤེས་ཀྱི་གནས་སུ་སོར་རྟོག་ཡེ་ཤེས་དང༌། ཀཱ་ཡའི་གནས་སུ་ཝཱཀ་ཞེས་པ་བཅུག་སྟེ། གསུང་གི་རྗེས་གནང་ངོ༌། །དེ་བཞིན་དུ་ཕྱག་མཚན་བསྟིམ་པའི་དམིགས་པ་དང༌། དབྱུག་ཞགས་ལག་ཏུ་གཏད་དེ། ཞེ་སྡང་དང༌། ཆོས་དབྱིངས། ཙིཏྟ་ཞེས་འདོན་པ་སྤོས་ཏེ་ཐུགས་ཀྱི་རྗེས་གནང་ངོ༌། །དེ་བཞིན་དུ་འོད་ཟེར་སྣ་ལྔ་བསྟིམ་ཞིང༌། ཆོས་ཀྱི་རྒྱལ་པོའི་རྟོག་པའི་དཔེ་ལག་ཏུ་གཏད་དེ། ང་རྒྱལ།


TNT15_Page_1052
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཉིད། གུ་ཎ། ཞེས་འདོན་པ་སྤོས། ཡོན་ཏན་གྱི་རྗེས་གནང་ངོ༌། །ལྟེ་བའི་ཡ་ཡིག་གི་འོད་ཀྱིས་འཕྲིན་ལས་རྣམ་པ་བཞི་སྒྲུབ་པར་བསམས་ལ། བཤན་པ་ཕོ་མོའི་འཁོར་ལོ་ལག་ཏུ་གཏད། ཕྲག་དོགབྱ་གྲུབ། ཀརྨ། ཞེས་འདོན་པ་སྤོས་ཏེ། འཕྲིན་ལས་ཀྱི་རྗེས་གནང་ངོ༌། །དེ་ནས་གཏོར་མ་ལག་ཏུ་གཏད་དེ་བཀའ་བསྒོ་དྲག་ཏུ་བྱ། སློབ་མ་དེ་བསྙེན་པ་བྱེད་པ་ཡིན་ན་བཟླས་ལུང་ཡང་སྤྱི་དང་མཐུན་པར་སྦྱིན་ནོ། །སློབ་མའི་རྗེས་ཀྱི་བྱ་བ་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་ནི་སྤྱིས་རིགས་འགྲེའོ། །འཇམ་པའི་དབྱངས་ཀྱི་བཀའ་གཉན་མཆོགདྲེགས་པ་ཀུན༵་གྱི་མཐར་ཐུག་པའི། །སྒྲུབ་ཐབས་རབ་དག༵འ་འདི་སྤེལ་བས། །སྙིང༵་པོ༵འི་བསྟན་པ་རྒྱས་པར་ཤོག།ཆོས་རྒྱལ་ལས་ཀྱི་གཤིན་རྗེ་མཐིང་གའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །