ལས་གཤིན་མ་རུ་རྩེ་བཞི་སྐོར་དུ་གྲགས་པའི་སྒྲུབ་ཐབས།


TNT15_Page_1052
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གཤིན་རྗེ་འཇོམས་པ་ལ་བཏུད་ནས། །གཤིན་རྗེའི་རྒྱལ་པོའི་སྒྲུབ་ཐབས་ནི། ཁྱད་པར་རྣམ་དབྱེ་མདོར་བསྡུས་ཙམ། །བརྗོད་འགྱུར་འདི་ལ་མཉན་པར་གྱིས། །ལས་ཀྱི་གཤིན་རྗེ་མཐིང་གའི་སྒྲུབ་ཐབས་ཤེས་པས་འདི་ལ་འཇུག་པར་བྱ་སྟེ། རང་གི་མདུན་དུ་མེ་རླུང་གི་རང་བཞིན་དམར་ནག་འབར་བའི་དཀྱིལ་འཁོར་དབུས། སྐད་ཅིག་གིས་ལས་ཀྱི་གཤིན་རྗེ་དམར་པོ་རབ་ཏུ་འཇིགས་པ། གཡས་རལ་གྲི་མེ་འབར་བ་འཕྱར་བ། གཡོན་རླུང་གི་འཁོར་ལོ་འབར་བ་སྐོར་བ། ཁ་གདངས་ཤིང་ལྗགས་འགྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་ཨག་ཚོམ་ཁམ་སེར་གྱེན་དུ་གཡེངས་པ། ཞིང་པགས་ཀྱི་སྟོད་གཡོགས་ཅན། མ་ཧེའི་


TNT15_Page_1053
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་གཡོན་བརྐྱང་གིས་བཞུགས་པ། གཡོན་དུ་ཡུམ་ཨེ་ཀ་ཛ་ཊི་སྐུ་མདོག་ནག་མོ་རལ་པ་མུན་ལྟར་གཏིབས་པ། ལྕགས་ཀྱུ་དང༌། ཐོད་ཁྲག་འཛིན་པ། མི་ལྤགས་གྱོན་ཞིང་རྒྱུ་མས་ཐོད་བྱས་པ། ཡབ་ཡུམ་གཉིས་ལ་འཁོར་གཤིན་རྗེ་དང་བདུད་མོ་འབུམ་འབུམ་གྱིས་བསྐོར་བའོ། །དེའི་ཐུགས་ཀ་ནས་ཛ་བཞི་སྤྲོས་པ་ལས་ཤར་དུ་སྲིན་པོ་མ་རུ་རྩེ། ལྷོ་རུ་གཤིན་རྗེ་མ་རུ་རྩེ། ནུབ་ཏུ་བདུད་པོ་མ་རུ་རྩེ། བྱང་དུ་གནོད་སྦྱིན་མ་རུ་རྩེ་རྣམས་དམར་པོ་སྤུ་གྲི་དང༌། ཞགས་པ་འཛིན་པ། བསེ་བྱའི་སྟེང་ན་བཞུགས་པའོ། །སྤྱན་འདྲེན་གྱི་ཚིགས་བཅད་ཀྱི་རྗེས་ལ། སྙིང་པོ་མཐར་ཨཱ་གཙྪ། ཨཱ་གཙྪ། ས་མ་ཡ་ཏིཥྛནྟུ་ཞེས་བརྗོད། བཟླས་པའི་སྔགས་ནི། ཨོཾ་ཡ་མ་རཱ་ཛ་ཨེ་ཀ་ཛ་ཊི་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། ཌཾ་ཌཾ་ཕཊ། ཉི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཅེས་པའོ། །གཏོར་སྔགས་སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་འབུལ། བསྟོད་པ་ནི། ཁྲག་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །བསྐལ་པ་མེ་ལྟར་འབར་བའི་དབུས། །གཤིན་རྗེའི་དབང་པོ་མ་རུ་རྩེ། །གཤིན་རྗེ་འབུམ་དང་བཅས་ལ་བསྟོད། །རླུང་ནག་འཚུབ་མའི་དཀྱིལ་འཁོར་ན། །ཨེ་ཀ་ཛ་ཊི་མ་མོ་འབུམ། །ལས་བྱེད་བཞི་དང་འཁོར་གཡོག་ནི། །གྲངས་ལས་འདས་པ་རྣམས་ལ་བསྟོད། །ཅེས་པ་རྣམས་འདོན་པ་སྤོས་ལ། ལྷག་མ་


TNT15_Page_1054
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་གའི་སྐབས་བཞིན་གཞུང་བསྲང་ངོ༌། །རྗེས་གནང་ལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བ་འདེབས། སྐུའི་རྗེས་གནང་ནག་པོ་དང་འདྲ། གསུང་བཟླས་ལུང༌། ཐུགས་གཏོར་དབང་རྣམས་སོ། །ཆོས་སྐོར་ཀུན༵་ལས་ཆེས་དཀོན་པ། །རྭ་ལུགས་གཤིན་རྗེ་དམར་པོ་ཡི། །ཡིག་སྣ་མདོར་བསྡུས་ཡིད་དག༵འི་གནས། །འདི་ཡང་སྙིང༵་པོ༵ར་དགོས་པས་བྲིས། །ལས་གཤིན་མ་རུ་རྩེ་བཞི་སྐོར་དུ་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །