བྲན་བདུད་གཤིན་རྗེ་ནག་པོའི་སྒྲུབ་ཐབས།


TNT15_Page_1068
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་ཡི་དམ་མཁའ་འགྲོ་དང༌། ཁྱད་པར་ནག་པོ་ཆེར་བཏུད་ནས། །བྲན་བདུད་གཤིན་རྗེ་ནག་པོ་ཡི། །རྗེས་གནང་བྱེད་ཚུལ་མདོ་ཙམ་བཤད། །མཆོད་གཏོར་ཚང་བར་བཤམས་ནས། ཁྲོ་བོའི་བདག་བསྐྱེད་སྔོན་དུ་འགྲོ་བས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། རྟེན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། མེ་རླུང་འཁྲུགས་པའི་དབུས་སུ། བདུད་རྟ་བྲ་ནག་རུས་པའི་རྒྱན་ཅན། གོང་རྨེད་དུག་སྦྲུལ་གྱིས་བྱས་པ། སྒ་ལ་མི་ལྤགས་ཀྱི་གཡང་གཞི་གཡོགས་པའི་སྟེང་དུ། ཡ་ཡིག་ནག་པོའི་འཕྲོ་འདུ་ལས་བྲན་བདུད་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས། །མེ་སྟག་འཁྲུགས་པའི་སྤྱན་གསུམ་པ། དར་ནག་གསེར་


TNT15_Page_1069
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ཅན་གྱི་འཇོལ་བེར་གསོལ་ཞིང༌། སྦྲུལ་གྱི་སྐེ་རགས་དང༌། སག་ཏིའི་ལྷམ་གསོལ་བ། ཁྲམ་ཤིང་སྐེད་ལ་གཟེར་བ། གཡས་རུ་མཚོན་རྩེ་གསུམ་ནག་པོ་མགོ་རློན་བཞི་འཕྱང་བ་འཛིན་ཞིང༌། གཡོན་དགྲ་སྙིང་ཁྲག་འཛག་པ་ལ་དུག་སྦྲུལ་ནག་པོ་གཉིས་ཀྱིས་འཇིབ་པ་དང་བཅས་པ་འཛིན་པ། རོལ་པའི་སྟབས་ཀྱིས་བཞུགས་པའི་མདུན་དུ། ལྷ་མོ་སྤུ་གྲི་མ་ཐལ་སྐྱ་ཁ་ནས་མེ་འབར་བ་ལག་གཉིས་གྱེན་དུ་གདེངས་པ་མེ་དཔུང་རེ་ཐོགས་པ། གཅེར་མོ་རྒྱན་མེད་སྐྲ་གྲོལ་བ། ཙོག་པུའི་སྟབས་ཀྱིས་བཞུགས་ཤིང་གཙོ་བོ་ལ་བལྟ་བའོ། །གནས་གསུམ་བྱིན་གྱིས་བརླབས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས། ལྕམ་དྲལ་ལ་སྡེ་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས་ཏེ་བསྟིམ། དབང་བསྐུར་ཏེ། རྡོ་རྗེ་ཕྱེད་པ་རེས་དབུ་བརྒྱན། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཤ་ཏྲུན། བིགྷྣཱན་མཱ་ར་ཡ་ཧཱུཾ་ཕཊ། ལན་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་ས། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཧཱུཾ། ལྷོ་ཕྱོགས་རྒྱ་མཚོའི་ཕ་རོལ་ན། །དུར་ཁྲོད་འབར་བའི་ཀློང་དཀྱིལ་ན། །གཤིན་རྗེ་ནག་པོ་ཕྱག་གཉིས་པ། །མཚོན་ཆས་དགྲ་བགེགས་སྒྲོལ་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས། །འདོད་དོན་གསོལ་བ་བཏབ། ཨོཾ་མཧཱ་ཀ་ལ་ཡཀྵ་མུཉྩ་ཀྲོ་དྷ། ཡ་མ་རཱ་ཛ། མ་རི་ཤམ།


TNT15_Page_1070
[མ་དཔེ་གཟིགས་ན་འདིར་གནོན།]

མུཙྪ་ཡ་བྷྱོ། ཞེས་ཅི་ནུས་སུ་བཟླའོ། །རྗེས་ཀྱི་བྱ་བ་སྤྱི་དང་འདྲ། རྗེས་གནང་བྱེད་ན། ལག་ལེན་ལ་གུར་མགོན་གྱི་གཏོར་ཆོག་གི་རྗེས་སུ་མཛད་ནའང་གཅིག་ཏུ་ངེས་པ་མི་དགོས་ཤིང༌། དེ་ལྟར་བྱེད་ན་གུར་མགོན་གྱི་གཏོར་མའི་མདུན་དམའ་བའི་ཕྱོགས་སུ་འདིའི་བཤོམས་རྣམས་བྱེད་དོ། །གང་ལྟར་ཡང༌། ཆོས་འབྱུང་ནག་པོ་གྲུ་གསུམ་གྱི་དབུས་སུ། ཏིལ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་ཟུར་གསུམ་ཆེ་ཆུང་གཉིས་བཀོད། དེའི་སྟེང་དུ་མཉྫི་ལ་གཏོར་མ་སྙིང་གཟུགས་མ་དང༌། བཤོས་བུ་ཟུར་གསུམ་གཉིས་སྣོད་གཅིག་ཏུ་བཀོད། གཏོར་མའི་གཡས་སུ་རུ་མཚོན་དང༌། ཁྲམ་ཤིང་དངོས་སུ་ཡོད་ན་འགོད་ཅིང༌། མེད་ན་ཙ་ཀ་ལི་ཚུན་ཆད་ཀྱང་བཤམ། མཐའ་མཆོད་གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་དང༌། མཆོད་པ་བྱིན་རླབས་བྱ། བདག་མདུན་གོང་དུ་བཤད་པ་བཞིན་བསྒྲུབས་པའི་རྗེས་སུ། སློབ་མས་མཎྜལ་ཕུལ་ནས། བླ་མ་དཔལ་ལྡན་ནག་པོ་ཆེ། །དེ་རིང་བདག་ལ་དགོངས་སུ་གསོལ། །མངོན་སྤྱོད་འཕྲིན་ལས་སྒྲུབ་པའི་ཕྱིར། །བྲན་བདུད་ནག་པོའི་བཀའ་གཏད་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། རྒྱུན་བཤགས་བྱ། བླ་མ་རིན་པོ་ཆེས་བདག་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ། ནག་པོ་ཆེན་པོ་བྲན་བདུད་ཡབ་ཡུམ་གྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ཁྱད་པར་གྱི་གསོལ་བཏབ་ལན་གསུམ་བྱ། དེ་ནས་གུར་མགོན་ལྕམ་དྲལ་གྱི་སྐབས་སུ་བཤད་པ་ལྟར་གྱི་སློབ་མ་གུར་གྱི་མགོན་པོར་བསྐྱེད། མདུན་དུ་སྔར་བཤད་པ་ལྟར་བྲན་བདུད་ཡབ་ཡུམ་བསྐྱེད། སློབ་དཔོན་གྱི་


TNT15_Page_1071
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་གུར་མགོན་གྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་བྲན་བདུད་དཔག་ཏུ་མེད་པ་སྤྲུལ། མདུན་གྱི་བྲན་བདུད་ཀྱི་ཐུགས་ཀར་ཐིམ། དེའི་ཐུགས་ཀ་ནས་ཀྱང་སྐུ་དཔག་ཏུ་མེད་པར་བྱུང་ནས་སློབ་མའི་སྙིང་གའི་ཧཱུཾ་གི་ཞབས་ཀྱུ་ལ་ཐིམ། སྤོས་རོལ་དང་བཅས། སྙིང་པོའི་མཐར། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཛཿཧཱུཾ་བཾ་ཧོཿ ཞེས་ཡང་ཡང་བརྗོད། སྐུའི་རྗེས་གནང་ངོ༌། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། སྔ་མ་དང་འདྲ་བ་ལས། མདུན་གྱི་བྲན་བདུད་ཀྱི་ཞལ་ནས་སྔགས་ཕྲེང་བསམ་གྱིས་མི་ཁྱབ་པ་བྱུང༌། ཧཱུཾ་གི་ཞབས་ཀྱུ་ལ་ཐིམ་པ་སོགས་སྔ་མ་བཞིན་གསུང་གི་རྗེས་གནང་ངོ༌། །ཡང་འོད་འཕྲོས་སོགས་སྔར་དང་འདྲ་བ་ལས། བྲན་བདུད་ཡབ་ཡུམ་གཉིས་སློབ་མའི་པང་དུ་བྱོན། སློབ་དཔོན་གྱི་ཐུགས་ཀ་ནས་གུར་གྱི་མགོན་པོ་སྐུ་ཆེ་བ་གཟི་བརྗིད་ལྡན་པ་བྱོན། སློབ་མ་དང་བྲན་བདུད་ཀྱི་སྤྱི་བོར་ཞབས་བཞག་སྟེ་བཞུགས་པ་ལ། མོས་གུས་དུང་བྱས་པས་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། ལུས་ཐམས་ཅད་ཁྱབ་པས་བར་ཆད་ཞི་ཞིང༌། ནུས་མཐུ་མ་ལུས་པ་ཐོབ། མཐར་དེ་ཉིད་འོད་དུ་ཞུ་ནས། རང་ལ་ཐིམ། སྤོས་རོལ་སོགས་གོང་བཞིན། ཐུགས་ཀྱི་རྗེས་གནང་ངོ༌། །རུ་མཚོན་དང༌། ཁྲམ་ཤིང་བྲན་བདུད་བསྐྱེད། ཞུ་བ་ལས་ཕྱག་


TNT15_Page_1072
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་གྱུར། སྙིང་པོ་འདོན་ཞིང་ལག་ཏུ་གཏད། རུ་མཚོན་གཡུལ་ལས་རྣམ་པར་རྒྱལ་བ་དང༌། མི་མགོ་བཞི་བདུད་བཞི་བཅོམ་པ་དང༌། ཁྲམ་ཤིང་དགྲ་བགེགས་ཚར་གཅོད་པའི་བརྡའ་ཡིན་ནོ། །ཞེས་བཤད། ཡོན་ཏན་གྱི་རྫས་གནང་ངོ༌། །དེ་ནས་སྔར་གུར་མགོན་གྱི་གཏོར་མ་བཤམས་ཡོད་ན། དེའི་མཐེབ་ཀྱུ་གཅིག་བྲན་བདུད་ཀྱི་གཏོར་མ་ལ་གསོས་ནས། ནང་མཆོད་བྲན། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་གོང་བཞིན་ཕུལ། ཕྱི་ནང་གི་མཆོད་དེ། སློབ་མའི་དོན་དུ་གསོལ་བ་འདེབས་པའི་ལག་ལེན་ཡང་གདའ། གང་ལྟར་གཏོར་མ་ལག་ཏུ་གཏད། དེ་དང༌། རང་གི་སྤྱི་བོར་གུར་མགོན་དང༌། དེའི་སྟེང་དུ་བླ་མ་ཡི་དམ་དུ་གསལ་བ་སོགས་བཞུགས་པར་བསམས་ནས། དམ་བཞག་སྔོན་དུ་འགྲོ་བའི་བཀའ་བསྒོ་སྤྱི་དང་མཐུན་པར་བྱེད་དེ། འཕྲིན་ལས་ཀྱི་རྗེས་གནང་ངོ༌། །སློབ་མ་དང༌། མདུན་བསྐྱེད་ཀྱི་རྗཻས་ཀྱི་བྱ་བ་རྣམས་ནི་སྤྱི་དང་འདྲའོ། །དྲག་པོའི་ལས་ལ་མོས་པའི་མི། །ཀུན༵་གྱིས་དག༵འ་ཞིང་བསྒྲགས་པའི་ཆོས། །སྙིང༵་ནས་འགྲུབ་པར་འདོད་ན་ནི། །གསང་སྟེ་བསྒྲུབས་ན་ཟབ་པོ༵ར་འགྱུར། །བྲན་བདུད་གཤིན་རྗེ་ནག་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །