མགོན་པོ་ལྕམ་དྲལ་དང་རིགས་མཐུན་གྱི་སྒྲུབ་ཐབས


TNT15_Page_1072
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་ནི་ཆེ་བའི་ལྷ། །དཔལ་ཆེན་ཧེ་རུ་ཀ་ལའང་འདུད། །ཕུར་བུའི་སྲུང་མ་ཡིན་པར་གྲགས། །འཁོན་རབ་སྲུང་མའི་སྒྲུབ་ཐབས་བཤད། །ཤ་ཁྲག་གཙང་མ་དང་དཀར་གསུམ་སོགས་ཀྱི་བརྒྱན་པའི་གཏོར་མ་འབྲང་རྒྱས་དཀར་པོ་གཅིག་དང༌། བཤོས་བུ་ནག་པོ་ཞིག་བཤམས། སྤང་སྤོས་དང༌། སྤོས་དཀར་གྱིས་


TNT15_Page_1073
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་པ་སོགས་མཆོད་པའི་ཡོ་བྱད་གཞན་ཐམས་ཅད་ཀྱང་འཛོམ་པར་བྱས། རང་ཉིད་དཔལ་ཆེན་པོའམ། ཡེ་ཤེས་ཁྲོ་བོ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། རང་གི་མདུན་དུ་པདྨ་ཉི་ཟླའི་གདན་ལ་བྷྱོཿདཀར་པོའི་འོད་ཀྱི་འཕྲོ་འདུ་ལས་དཀར་མོ་ཉི་ཟླ་སྟོང་གི་འཕྲེང་བ་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་རི་རབ་སྒོང་དུ་རྩེ་བ། གཡོན་གླིང་བཞི་བྱོ་ཡོལ་མཛད་ཅིང་ཐུགས་ཀར་འཛིན་པ། ཉི་ཟླ་སྤེལ་བ་དགུ་བརྒྱ་དགུ་བཅུ་རྩ་དགུའི་དོ་ཤལ་བྱས་པ། ཉི་ཟླ་གཅིག་དང་ཐོད་པའི་འཕྲེང་བ་ཐོད་དུ་བཅིངས་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་ཞིང༌། སྟག་ལྤགས་ཀྱི་ཤམ་ཐབས་དང༌། དར་དཀར་གྱི་སྟོད་གཡོགས་ཅན། མཁའ་འགྲོ་མ་བྱེ་བས་བསྐོར་བའོ། །དེའི་གཡས་སུ་ཧཱུཾ་ཡིག་འོད་ཀྱི་འཕྲོ་འདུ་ལས། བདུད་རྒྱལ་དཔའ་བོ་ཐོད་འཕྲེང་ཅན། སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་མདུང་རིང་བ་དན་དང་བཅས་པ་འཕྱར་བ། གཡོན་མི་མགོའི་འཕྲེང་བ་འཛིན་པ། གོས་རྒྱན་ནག་པོ་ཅན། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བདུད་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་ཏེ། ཧེ་རུ་ཀས་དབུ་བརྒྱན། མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། སྙིང་པོའི་སྔགས་ཀྱི་མཐར། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་བིགྷྣཱན་ཤ་ཏྲུཾ་མཱ་ར་


TNT15_Page_1074
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧཱུཾ་ཕཊ། ཅེས་ལན་བདུན་གྱིས་གཏོར་མ་ཕུལ་ལ། ཨོཾ་བཛྲ་ཤིནྟཾ་པདྨ་ཀུ་རུ་ཏིཾ་བྷྱོཿ ཞེས་གཙོ་མོ་དང༌། ཨོཾ་སརྦ་མ་ར་ཀྲིཥྞ་ཀཱ་པ་ལ་མཱ་ལ་དྷ་ར་ཧཱུཾ་ཕཊ། ཅེས་བདུད་རྒྱལ་གྱི་སྙིང་པོའོ། །མཱ་ར་ཡ་ཐུམ་ཤིགམཱ་ར་ཡ་ཨ་མོ་བཾ། མཱ་ར་ཡ་སྙིང་ཧྲུལ། སྟཾ་བྷ་ཡ་སོད་སོད། ཅེས་བདུད་རྒྱལ་གྱི་སྲོག་སྔགས་རྣམས་ཀྱང་དྲག་ཏུ་བཟླ། མཐར་ཨརྒྷཾ་ལ་སོགས་པས་མཆོད། ཧཱུཾ་མ་བྷྱོཿ དཔལ་ལྡན་དཀར་མོ་ཆེན་མོ་ནི། །ཉི་ཟླ་སྟོང་གི་འཕྲེང་བ་ཅན། །ཡེ་ཤེས་དབྱིངས་ཀྱི་རྗེ་མོ་སྟེ། །གཞན་དོན་འཇིག་རྟེན་པ་རུ་སྤྲུལ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །འདས་དང་མ་འདས་མཚམས་ན་བཞུགས། ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན། །དགྲ་བོའི་སྲོག་ལ་མངའ་མཛད་པ། ཁྱོད་ནི་སྲོག་བདག་ཆེན་པོ་སྟེ། ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད་ལ་མཐར་རྗེས་བསྡུ་བ་ནི་སྤྱི་དང་འདྲ། འདིའི་རྗེས་གནང་གི་ཆོ་ག་ནི། མཎྜལ་ཆོས་འབྱུང་གྲུ་གསུམ་དཀར་པོའི་དབུས་སུ་འབྲུ་དཀར་པོའི་ཚོམ་བུ་བཀོད། སྟེང་དུ་འབྲང་རྒྱས་དཀར་པོ་ཕུག་རོན་གྱི་གཟུགས་དང་བཅས་པ་བཤམ། དེའི་གཡས་སུ་ཆོས་འབྱུང་གྲུ་གསུམ་ནག་པོ་ལ་འབྲུ་ནག་གི་ཚོམ་བུ་དང༌། སྟེང་དུ་དམར་གཏོར་བཀོད། མཐའ་ལ་མཆོད་པ་ཅི་བདེར་བསྒྲིགས། དེ་ནས་གོང་དུ་བཤད་པ་ལྟར་ཉམས་སུ་བླངས་རྗེས། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། གང་གི་དྲིན་གྱིས་ནས། དཀྱིལ་འཁོར་ལྷ་


TNT15_Page_1075
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ལ་འདུད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ། བདག་ལ་དཀར་མོ་ཉི་ཟླ་སྟོང་གི་འཕྲེང་བ་ཅན་དང༌། བདུད་རྒྱལ་ནག་པོ་ཐོད་པའི་འཕྲེང་བ་ཅན་གྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དངོས་གཞི་ལ། ལྕམ་དྲལ་གྱི་རྗེས་གནང་ལྷན་ཅིག་ཏུ་མཛད་པའི་ལུགས་ལ་ཡི་གེ་སྔ་ཕྱི་མང་དུ་སྣང་བ་རྣམས་ནི། སློབ་མ་ཡི་དམ་དུ་བསྐྱེད་པ་ལ་བཀའ་སྡོད་ཀྱི་ཚུལ་དུ་སྐུ་དང༌། གསུང་གི་རྗེས་གནང་དང༌། གཏོར་མའི་བཀའ་བསྒོ་ཙམ་ལ་ཐུགས་ཀྱི་རྗེས་གནང་དུ་མཛད་དོ། །འོན་ཀྱང་བླ་མའི་ཕྱག་ལེན་འདི་ལྟར་མཛད་པ་མཐོང་སྟེ། དཀར་མོ་ཉི་ཟླ་ལ་སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང་སྤྱི་དང་མཐུན་པར་མཛད་ནས་ཐུགས་གཏོར་དབང་གི་ཚེ། གཏོར་མ་ལྷ་མོར་གསལ་བ་སྤྱི་བོར་བཞག་པ་ལ། མོས་གུས་དུང་བ་བྱས་པས། ལྷ་མོའི་སྤྲུལ་པ་ཕུག་རོན་དེས་རང་གི་ནད་གདོན་ཆགས་ཆེ་ཉམས་ང་ཐམས་ཅད་སྐད་ཅིག་ལ་ཁྱེར་ཏེ་རྒྱ་མཚོའི་མཐར་སོང་བར་བསམས་ལ། ཕུག་རོན་གྱི་གཟུགས་དེ་སློབ་མ་ལ་གཡས་སྐོར་དུ་ལན་གསུམ་བསྐོར་ནས་ཕྱིར་གཏོང༌། དེ་རྗེས་བཀའ་བསྒོ་སྤྱི་དང་མཐུན་པར་མཛད། དེའི་རྗེས་ཐོགས་ཉིད་ལ། བདུད་རྒྱལ་ལ་བཀའ་སྡོད་ཀྱི་ཚུལ་དུ་སྐུ་དང་གསུང་གི་རྗེས་གནང་དང༌། གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་བ་ཐུགས་ཀྱི་རྗེས་གནང་དུ་མཛད་དེ། རྗེས་ཀྱི་བྱ་བ་སྤྱི་དང་མཐུན་ནོ། །ས་སྐྱའི་རིང་ལུགས་འཛིན་པ་ཀུན༵། །མོས་ཞེན་དབང་གིས་དག༵འ་བར་སྒྲོག །སྙི༵ང་ནས་མོས་པ་ཐོབ་དཀོན་ནའང༌། །དེང་འདིར་ཡིད་ཆེས་བརྟན་པོ༵ས་སྦྱར། །དཀར་མོ་ཉི་ཟླ་ལྕམ་དྲལ་གྱི་སྒྲུབ་


TNT15_Page_1076
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ལེན་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། མགོན་པོ་ལྕམ་དྲལ་དང་རིགས་མཐུན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ཉེར་གསུམ་པའོ།། །།