ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས།


TNT15_Page_1093
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་གཉིས་ལ་རྗེས་གནང་གཅིག་སྟེ། པད་ཟླའི་སྟེང་དུ་དྷཱིཿལས་རང་ཉིད་འཇམ་པའི་དབྱངས་སྐུ་མདོག་དཀར་པོ། ཕྱག་གཡས་རལ་གྲི་དཔུང་པའི་ཐད་ཀར་འཕྱར་ཞིང༌། གཡོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་པོ་ཏི་ཐུགས་ཀར་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང༌། ན་བཟའ་དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་བསྣབས་པ། སྙིང་གར་ཨ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། ལྟེ་བ་དང་ཕྱོགས་ཀྱི་རྩིབས་རྣམས་ལ་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཨཱཿལས་རང་དང་འདྲ་བའི་འཕགས་པ་འཇམ་དཔལ། ཤར་དུ་ར་ལས་དྲ་བ་ཅན་གྱི་འོད་མ། རྒྱབ་ཏུ་པ་ལས་ཟླ་འོད་མ། གཡས་སུ་ཙ་ལས་སྐྲ་ཅན་མ། གཡོན་དུ་ན་ལས་ཉེ་བའི་སྐྲ་ཅན་མ་རྣམས་ལྷ་མོའི་མཚན་ཉིད་རྫོགས་ཤིང༌། སྐུ་མདོག་ཕྱག་མཚན་བཞུགས་ཚུལ་རྒྱན་གོས་རྣམས་གཙོ་བོ་དང་མཚུངས་པ། ལྷ་ལྔ་པོའི་ཐུགས་ཀར་ཡང་རང་རང་གི་ས་བོན་དང༌། མཚམས་ཀྱི་རྩིབས་བཞི་ལ་ཤར་ལྷོ་ནས་གཡས་སྐོར་གྱིས། ནི་པྲ་པ་ཙ་ཞེས་པའི་ཡི་གེ་བཞིའོ། །དབུ་བརྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཨ་ར་པ་ཙ་ན་དྷཱིཿ འདི་ལ་སྒྲུབ་ཐབས་གཉིས་ཡོད་པ་ལས། ཚིགས་བཅད་མ་མི་ཕམ་བཤེས་གཉེན་གྱི་མཛད་ལ། ཚིག་ལྷུག་པ་པདྨ་འབྱུང་གནས་ཀྱིས་མཛད་པའོ།། །།