འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས།


TNT15_Page_1098
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ནི། པད་ཟླའི་སྟེང་དུ་ཨ་ལས་རལ་གྲི་ཨས་མཚན་པ་ལས། འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་དང་འདྲ་བ་ལས། ཞབས་སེམས་དཔའི་སྐྱིལ་ཀྲུང་དང་ན་བཟའ་དར་སྣ་ཚོགས། རིགས་བདག་ནི་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་བཛྲ་ཏིཀྵྞ་དྷཱཾ། ཞེས་པ་སྟེ། རྗེས་གནང་སྐབས་མངོན་རྟོགས་དེ་ཙམ་གྱིས་ཆོག་ལ། འདི་ཉིད་ཉམས་སུ་ལེན་ན་སྔགས་འཁོར་བསྒོམ་པ་གལ་ཆེའོ། །དེ་ཡང་ལྟེ་འོག་ཏུ་བྷྲཱུཾ་ལས་ཟླ་བ་བྱང་ཆུབ་ཤིང་གི་ལོ་མ་ལྟ་བུ་དེའི་སྟེང་དུ་ཧྲི་ལས་པད་སྡོང་པདྨ་ཁ་ཟུམ་པའི་ལྟེ་བར་ཧཱུཾ་སྟེ་དེའི་འོད་ཀྱིས་ཡིད་ཙམ་ཁ་བྱེ་བ། དེའི་སྟེང་དུ་ཨ་ལས་ཟླ་བ། དེ་ལ་སོར་གཅིག་ཙམ་མ་རེག་པར་འཁོར་ལོ་རྩིབས་དྲུགལྟེ་བར་དྷཱིཿརྩིབས་ལ་མ་ནིང་སྤངས་པའི་དབྱངས་བཅུ་གཉིས་ཀྱི་ཡི་གེ་གཉིས་གཉིས། དེ་དག་གི་སྟེང་དུ་ཡི་གེ་དྲུག་གི་ཡི་གེ་རེ་རེ་ཡོད་པ། མུ་ཁྱུད་ལ་སྣ་ལྡན་སྤངས་པའི་ཨཱ་ལི་ཀཱ་ལི། འཁོར་ལོ་འདི་མི་འཁོར་ལོ། དེ་ནས་སོར་དོ་ཙམ་དྷཱིཿལ་མ་རེག་པར། ཟླ་བ་ལ་འཁོར་ལོ་རྩིབས་བཞི་པ་ལ་ཨ་ར་པ་ཙ་ནའོ། །འདི་དྲག་ཏུ་འཁོར་བའོ། །


TNT15_Page_1099
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་དུ་ཉམས་སུ་མྱོང་བར་བྱེད་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ནི། པད་ཟླའི་གདན་གྱི་སྟེང་དུ་ལྷ་བསྐྱེད་པའི་རྒྱུ་ཨཿལས་བྱུང་བའི་ཟླ་བ་ལ་གནས་པའི་དྷཱིཿལས་བྱུང་བའི་རལ་གྲིའོ། །རལ་གྲིའི་རྩེ་མོར་ཨ་ལས་ཟླ་བ་ལ་གནས་པའི་དྷཱིཿའོ། །དེ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་ཨ་ར་པ་ཙ་ན་སྒྲུབ་ཐབས་གོང་བཞིན་བསྐྱེད། ཐུགས་ཀར་ལྷ་ལྔའི་གཙོ་བོ་ཡང༌། ཨ་ལས་ཟླ་བ་དྷཱིཿལས་རལ་གྲི། དེའི་རྩེ་མོར་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་དྷཱྀཿའི་འོད་ཟེར་འཕྲོ་འདུ་ལས་བསྐྱེད། འཁོར་བཞི་པོ་ཡང་དེས་རིགས་འགྲེ་སྟེ། ཨ་ལས་ཟླ་བ་ལ་ར་ལས་རལ་གྲི། རྩེ་མོར་ཨ་ལས་ཟླ་བ་ལ་གནས་པའི་རས་མཚོན་པ། དེ་ཡོངས་སུ་གྱུར་པ་ལས། དྲ་བ་ཅན་གྱི་འོད་དུ་བསྐྱེད་པ་སོགས་སོ། །རིགས་བདག་ནི་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨ་ར་པ་ཙ་ན་དྷཱིཿ ཆོ་ག་ལྷག་མ་རྣམས་ཨ་ར་པ་ཙ་ན་གོང་མ་དང་འདྲའོ། །དེ་ཡན་ཆད་ཀྱིས་འཇམ་དཔལ་གྱི་སྒྲུབ་ཐབས་རྣམས་བསྟན་ཟིན་ཏོ། །འོག་ནས་འབྱུང་བའི་རྡོ་རྗེ་ཆོས་འཇམ་དཔལ་གྱི་རིགས་སུ་བསྡུ་བའི་འདོད་པ་ལྟར་ན། འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཀྱི་སྐབས་སུ་བླངས་ན་ལེགས་སོ།། །།