འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས།


TNT15_Page_1101
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་ནི། པཾ་ལས་པདྨ་དམར་པོའི་སྟེང་དུ་སིཾ་ལས་སེང་གེ་དཀར་པོ། རལ་པ་དམར་པོ་ཅན། གདོང་གྱེན་དུ་ཕྱོགས་


TNT15_Page_1102
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེའི་རྒྱབ་ཏུ་ཟླ་གདན་ལ་ཧྲཱིཿལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ། རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་རིན་པོ་ཆེའི་ཏོག་ཅན། ཞི་བའི་སྤྱན་གསུམ་པ། རྒྱན་སྤངས་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཞབས་གཡས་བརྐྱང་གི་རོལ་པས་བཞུགས་ཤིང༌། ཕྱག་གཡས་པ་ཞབས་ཀྱི་པུས་མོའི་སྟེང་དུ་བཀབ་པ། གཡོན་པ་གདན་ལ་བརྟེན་པ། སྐུའི་གཡས་ངོས་སུ་མདུང་རྩེ་གསུམ་ལ་སྦྲུལ་དཀར་པོས་དཀྲིས་པ། གཡོན་ངོས་སུ་ཐོད་པ་དྲི་ཞིམ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་དང༌། པདྨའི་སྡོང་པོ་མེ་ཏོག་སྙན་གྱིས་ཐད་ཀར་ཁ་བྱེ་བ་ལ། རལ་གྲི་འབར་བས་མཚན་པ་དང་བཅས་པ། སྐུ་ལས་དེ་བཞིན་གཤེགས་པ་ལྔ་སྤྲོ་བར་མཛད་པའོ། །སྒྲུབ་ཐབས་འདིར་མ་བཤད་ཀྱང་ཚངས་པའི་སྐུད་པ་དང་བཅས་པ། དར་དམར་པོའམ་སྟག་ལྤགས་ཀྱི་སྨད་དཀྲིས་ཅན་དུ་བྱ་ཞིང༌། རི་དྭགས་ཀྲིཥྞའི་པགས་པས་སེ་རལ་ཁར་བྱས་པ། ཡང་ལུགས་འགའ་ཞིག་ལ་ཡོད་པ་ལྟར་འདིར་ཡང་མི་འགལ་ལོ། །རིགས་བདག་ནི་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཨཱ་ཧྲཱིཿསིང་ཧ་ནཱ་ད་ཧཱུཾ་ཕཊ། བསྟོད་པ་ནི། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱི་གཞི། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་འོག་མ་རྣམས་ལའང་བསྟོད་པ་འདི་ཁོ་ནས་ཆོག་གོ། །།