འཕགས་པ་སྤྱན་རས་གཟིགས་ཧཱ་ལ་ཧཱ་ལའི་སྒྲུབ་ཐབས།


TNT15_Page_1103
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་ཧཱ་ལ་ཧཱ་ལའི་སྒྲུབ་ཐབས་དཀྱུས་མ་ནི། པད་ཟླའི་སྟེང་དུ་ཧྲཱིཿལས་རང་ཉིད་འཕགས་པ་ཧཱ་ལ་ཧཱ་ལ་སྐུ་མདོག་དཀར་པོ། རྩ་ཞལ་དཀར་གཡས་སྔོ་གཡོན་སེར་བའི་ཞལ་གསུམ། ཞལ་རེ་རེ་བཞིན་སྤྱན་གསུམ་གསུམ་པ། ཕྱག་གཡས་པ་གསུམ་གྱིས་མཆོག་སྦྱིན། འཕྲེང་བ། མདའ། གཡོན་པ་གསུམ་གྱིས་ལྷ་མོའི་ནུ་མ། པདྨ་དཀར་པོ་གཞུ་རྣམས་འཛིན་པ། གཡོན་ཕྱོགས་ནས་ལྷ་མོ་འདོད་ལྡན་མས་འཁྱུད་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཐོད་སྐམ་ལྔའི་དབུ་རྒྱན་དང་རལ་པའི་ཅོད་པན་ལ་ཟླ་བ་བྱེད་པས་མཛེས་པ་ཡིད་ཙམ་ཁྲོ་བ། གཡས་སུ་རྩེ་གསུམ་ལ་སྦྲུལ་གྱིས་དཀྲིས་པ་དང༌། གཡོན་དུ་ཐོད་པ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་དང་བཅས་ཤིང༌། རིན་པོ་ཆེ་མི་གཡོ་བའི་བྲག་ཕུག་ན་བཞུགས་པའོ། །རིགས་བདག་ནི་འོད་དཔག་མེད། སྔགས་ནི། ཨོཾ་ཧཱ་ལ་ཧཱ་ལ་ཧྲཱིཿ།། །།