སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་པ་ལས་འབྱུང་བ་འཕགས་པ་སྤྱན་རས་གཟིགས་དྲག་པོ་ཆེན་པོའི་སྒྲུབ་ཐབས།


TNT15_Page_1106
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་པ་ལས་འབྱུང་བ་འཕགས་པ་སྤྱན་རས་གཟིགས་དྲག་པོ་ཆེན་པོའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་རྡོ་རྗེའི་ས་གཞི་ར་གུར་དང་བཅས་པའི་བསྲུང་འཁོར་རོ། །དེའི་ནང་དུ་མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ། པདྨ་དམར་པོ་འདབ་བརྒྱད་དང༌། རཾ་ལས་ཉི་མའི་སྟེང་དུ། ཧྲཱིཿལས་སྤྱན་རས་གཟིགས་སྐུ་


TNT15_Page_1107
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་བུང་བ་ལྟར་གནག་པ། གཅེར་བུ་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཞལ་ལྔ་ཕྱག་བཅུ་གཉིས་པ། རྩ་ཞལ་མཐིང་ནག།གཡས་ཞལ་དཀར་པོ་དང་དམར་པོ། གཡོན་ཞལ་སེར་པོ་དང་ལྗང་ཁུ། གཡས་རྣམས་ན་ཌཱ་མ་རུ་དང༌། ཁ་ཊྭཱཾ་ག་དང༌། ལྕགས་ཀྱུ་དང༌། ཞགས་པ་དང༌། རྡོ་རྗེ་དང༌། མདའ་རྣམས་སོ། །གཡོན་རྣམས་ན་སྡིགས་མཛུབ་དང༌། ཐོད་པ་དང༌། པདྨ་དམར་པོ་དང༌། ནོར་བུ་དང༌། འཁོར་ལོ་དང༌། གཞུ་བསྣམས་པའོ། །ཞལ་ཐམས་ཅད་རབ་ཏུ་ཁྲོས་པ། རུས་པའི་ཕྱག་རྒྱ་དྲུག་དང༌། ཐོད་སྐམ་གྱི་དབུ་རྒྱན་དང༌། ཐོད་རློན་གྱི་དོ་ཤལ་དང་ལྡན་པ། དབུ་རྒྱན་ནི་རྡོ་རྗེ་སེམས་དཔའོ་ཞེས་འདོད་མོད། འོད་དཔག་མེད་ཀྱང་རུང་ངོ༌། །སྔགས་ནི། ཨོཾ་ཨཱཿཧཱུཾ་ཨི་ཏི་མུ་ནི་ཝ་ར་བཛྲ་ཧྲཱིཿཧཱུཾ་ཛཿ སྒྲུབ་ཐབས་འདི་སློབ་དཔོན་ཛེ་ཏཱ་རིས་མཛད། རྒྱ་གཞུང་གི་དཔེ་འགའ་རེ་ལས་འདི་གླེགས་བམ་གྱི་གཞུག་རང་ན་འདུག་ཅིང༌། བླ་མ་གོང་མའི་ཡིག་སྣ་ནའང༌། ཀུན་གྱི་ཐ་མར་འབུད་པ་མཛད་མོད་ཀྱི། སྡེ་ཚན་བསྒྲིགས་པའི་ཕྱིར་འདིར་བླངས་པ་ཉིད་ལེགས་ཤིང༌། འོག་གི་ཁམས་གསུམ་དབང་སྡུད་ཀྱི་སྒྲུབ་ཐབས་ཀྱང༌། སྐབས་འདིར་བླངས་ན་སྡེ་ཚན་བསྒྲིག་པའི་ཕྱིར་ལེགས་སོ། །དེ་འདིར་བླངས་ན་དེ་ཡན་ཆད་ཀྱིས་སྤྱན་རས་གཟིགས་དབང་གི་སྡེ་ཚན་རྣམས་རྫོགས་སོ།། །།