ཨོ་ཌི་ཡ་ནའི་འོད་ཟེར་ཅན་མའི་སྒྲུབ་ཐབས།


TNT15_Page_1110
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་འོད་ཟེར་ཅན་མའི་སྡེ་ཚན་རྣམས་བཤད་པ་ལས། ཐོག་མར་ཨོ་ཌི་ཡ་ནའི་འོད་ཟེར་ཅན་མའི་སྒྲུབ་ཐབས་ནི། མྱ་ངན་མེད་པའི་ཤིང་གི་སྡོང་པོས་སྐོར་བའི་མཆོད་རྟེན་གྱི་ནང་དུ། པད་ཟླའི་གདན་ལ་ཨོཾ་ལས་ཉི་མའི་དཀྱིལ་འཁོར་རོ། །ཉི་མའི་སྟེང་དུ་མཾ། ཉི་མ་མཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འོད་ཟེར་ཅན་མ་དམར་མོ་ཆེར་ཁྲོས་པ། ཁྲོ་མོའི་ཆ་བྱད་རྫོགས་པ། རྩ་ཞལ་དམར། གཡས་ནག་པོ་དང་ལྗང་ཁུ། གཡོན་སེར་པོ་དང་དཀར་པོ། སྟེང་ཞལ་ཕག་གདོང་ནག་པོ་སྟེ་ཞལ་དྲུགཕྱག་གཡས་དྲུག་ན་རལ་གྲི། རྡོ་རྗེ་གཏུན་ཤིང༌། མདའ། མཚོན་རྩེ་གཅིག་པ། དགྲ་སྟའོ། །གཡོན་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཐོད་ཁྲགམྱ་ངན་མེད་པའི་ཡལ་གཚངས་པའི་མགོ་བོ། གཞུ། རྩེ་གསུམ་རྣམས་འཛིན་པ། ཞབས་གཡོན་བརྐྱང་བའི་སྟབས་ཀྱིས། པད་ཟླའི་སྟེང་དུ་བགེགས་ཚོགས་མནན་པའི་ཕག་གི་སྟེང་ན་གནས་པ། དེའི་མདུན་དུ་ཕོ་ཉ་མོ་དམར་མོ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང༌། ཤིང་ཨ་ཤོ་ཀའི་


TNT15_Page_1111
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་ག་བསྣམས་པ། ཕག་གིས་དྲངས་པའི་ཤིང་རྟ་ལ་ཞོན་པའོ། །འདི་གཞུང་གི་དངོས་བསྟན་ལྟར་ན་དེ་ལྟར་ཡིན་ལ། མནའ་ཆན་ལས་ནི་གཙོ་མོ་ཉིད་ཕག་བདུན་གྱིས་དྲངས་པའི་ཤིང་རྟའི་དབུས་སུ་བཞུགས་པ་དང༌། ཕོ་ཉ་མོ་གཙོ་མོའི་ཞབས་གཉིས་ཀྱི་བར་ན་གནས་མར་བཤད་དོ། །རིགས་བདག་ནི་རྣམ་སྣང་སེར་པོའོ། །སྔགས་ནི། ཨོཾ་མ་རི་ཙྱཻ་ཨཾ་ཨཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བསྟོད་པ་ནི། གང་གི་མཚན་ཙམ་འཛིན་ཞིང་དྲན་པས་ཀྱང༌། སོགས་ཏེ་འོད་ཟེར་ཅན་མའི་སྒྲུབ་ཐབས་འོག་མ་རྣམས་ལའང་བསྟོད་པ་དེ་ཁོ་ནའོ།། །།