རྟོག་པ་ལས་འབྱུང་བ་འོད་ཟེར་ཅན་མ་སེར་མོའི་སྒྲུབ་ཐབས།


TNT15_Page_1111
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལས་འབྱུང་བ་འོད་ཟེར་ཅན་མ་སེར་མོའི་སྒྲུབ་ཐབས་ནི། པད་ཉིའི་སྟེང་དུ་མཾ་ལས་རང་ཉིད་འོད་ཟེར་ཅན་མར་གྱུར་པ་ནི། མྱ་ངན་མེད་པའི་ཤིང་གི་སྡོང་པོས་བསྐོར་བའི་དབུས་སུ། རྣམ་པར་སྣང་མཛད་ཀྱི་ངོ་བོ་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བའི་བུམ་པའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། ཧཾ་ལས་གཟའ་ཆེན་པོ་རཱ་ཧུ་ལ་སྲིན་པོའི་ལུས་ཅན་རོ་སྨད་མེད་པ་ལག་ཏུ་ཉི་ཟླ་འཛིན་པ་དེ་ལྟ་བུ་རྨིག་པས་བརྫི་བར་བྱེད་པ། ཕག་པ་བདུན་གྱིས་དྲངས་པའི་རིན་པོ་ཆེའི་ཤིང་རྟའི་སྟེང་དུ། པད་ཉི་ལ་གནས་པའི་བཅོམ་ལྡན་འདས་མ་སྐུ་མདོག་སེར་མོ། ཞི་མ་ཁྲོ། རྩ་ཞལ་སེར་བ། གཡས་དམར་བ། གཡོན་ཕག་གདོང་སྔོན་པོ་ཆེར་ཁྲོས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་བཞི་ན་རྡོ་རྗེ། ལྕགས་ཀྱུ། མདའ། ཁབ། གཡོན་བཞི་ན་ཤིང་ཨ་ཤོ་ཀའི་ཡལ་གགཞུ། སྐུད་པ། ཞགས་པ་འཛིན་པའི་


TNT15_Page_1112
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ་བོ། །ཞབས་གཡས་བརྐྱང་བས་རོལ་པས་བཞུགས་པའམ། བཞེངས་པ་ཇི་ལྟར་འོས་པར་བྱ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། དར་དམར་པོ་ཤ་འགགས་སྦུ་གུ་ཅན་དང་སྟོད་གཡོགས་གསོལ་བ། ཤར་དུ་བད་ཏ་ལི་དཀར་མོ། ཁབ། ལྕགས་ཀྱུ། ཞགས་པ། ཨ་ཤོ་ཀ་རྣམས་འཛིན་པ། ལྷོར་བཱ་ད་ལི་སེར་མོ་མྱ་ངན་མེད་པ། ཁབ་དང༌། རྡོ་རྗེ་ཞགས་པ་རྣམས་འཛིན་པ། ནུབ་ཏུ་བ་ར་ལི་དཀར་མོ་རྡོ་རྗེ། ཞགས་པ། ཁབ་དང༌། མྱ་ངན་མེད་འཛིན་པ། བྱང་དུ་བཱ་རཱ་ཧཱ་མུ་ཁི་དམར་མོ། རྡོ་རྗེ། མདའ་དང༌། ཞགས་པ། ཨ་ཤོ་ཀ་འཛིན་པ། ཐམས་ཅད་ཀྱང་ཕག་གི་གདོང་ཅན་གཡོན་བརྐྱང་གིས་གནས་པ། ལྷག་མ་གཙོ་མོ་དང་མཚུངས་པའོ། །རིགས་བདག་ནི་རྣམ་སྣང་ངོ༌། །ཨོཾ་མཱ་རི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཡང་རྟོག་པའི་འོད་ཟེར་ཅན་མ་སེར་མོ་དེ་ཁོ་ན་འདྲ་བ་ལས། སྔགས་ཨོཾ་མ་རི་ཙྱཻ་སྭཱཧཱ། ཞེས་པ་སྟེ་ཡང་ན་སྒྲུབ་ཐབས་འདི་གཉིས་གཅིག་ཏུ་སྡོམས་ཀྱང་རུང་བར་བཞེད་དོ།། །།