མདོར་བསྡུས་པའི་ཤེར་ཕྱིན་སོར་མོའི་སྒྲུབ་ཐབས།


TNT15_Page_1119
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་པའི་ཤེར་ཕྱིན་སོར་མོའི་སྒྲུབ་ཐབས་ནི། གཞན་ཐམས་ཅད་དེ་དང་འདྲ་བ་ལས། གདན་པདྨ་དམར་པོ་དེས་གཟུངས་ཅན་དང༌། སྔགས་ནི། ཨོཾ་དྷཱིཿཤྲུ་ཏྲི་སྨྲྀ་ཏི་བི་ཛ་ཡེ་སྭཱཧཱ། སྒྲུབ་ཐབས་བརྒྱ་རྩའི་གླེགས་བམ་འདིར་ཁྲོ་རྒྱལ་མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་མཛད་བྱང་མེད་པ་ཞིག་ལ་དཔེ་ཚན་གཅིག་དང༌། མངོན་རྟོགས་མེད་པའི་ལས་ཚོགས་རྐྱང་པ་ལ་འོད་ཟེར་འབྱུང་གནས་གྲགས་པའི་མཛད་བྱང་འབྱར་བ་ཞིག་དང༌། སྒྲུབ་ཐབས་གཞོན་ནུ་སྦས་པས་མཛད་པ་སྟེ། ཆོས་ཚན་གསུམ་ཡོད་ཅིང༌། ཐོག་མ་དེ་ལ་ཛེ་ཏཱ་རིས་མཛད་ཟེར་བ་མཆན་བུ་རྙིང་པ་ན་སྣང༌། འོན་ཀྱང་སྒྲུབ་ཐབས་རྒྱ་མཚོ་ན་ཆོས་ཚན་སྔ་མའི་གཞུག་གི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་དེ་མེད་པར། ཐོག་མ་དང་བར་པའི་དཔེ་ཚན་གཉིས་པོ་སྦྲེལ་ནས། འོད་ཟེར་འབྱུང་གནས་གྲགས་པས་མཛད་པར་བཤད་པ་ལྟར་ལེགས་པར་མངོན་ནོ། །འོན་ཀྱང་གཞུང་འདིར་ད་ལྟ་འབྱུང་བ་ལྟར་ན། ཆོས་ཚན་བར་པ་ནི་ལས་ཚོགས་ཁོ་ན་སྟོན་བྱེད་ཡིན་པས་རྗེས་གནང་མེད་ལ། ཐོག་མཐའ་གཉིས་ལ་རྗེས་གནང་གཅིག་གིས་ཆོག་གོ །དེ་ཡང་པད་ཉི་ལ་ཧཱུཾ་ལས་རང་ཉིད་ཁྲོ་རྒྱལ་མི་གཡོ་བ་སྐུ་མདོག་ཟར་མའི་མེ་ཏོག་ལྟར་སྔོ་བ། རོལ་པའི་ཁྲོ་བོ་ཞེས་བྱ་བ་ཞི་མ་ཁྲོའི་ཆ་བྱད་ཅན། སྐུ་ལུས་འཁྲང་ཞིང་གྲིམས་པ། སྤྱན་གཉིས་གཡས་པ་གྱེན་དང་གཡོན་པ་ཐུར་ལ་གཟིགས་པ། སྐྲ་སེར་གྱེན་དུ་བརྫེས་ཤིང༌། སྨ་ར་ཨག་ཚོམ་སྤངས་པ། ཡ་སོས་མ་མཆུ་མནན་ཞིང༌། ཕྱག་གཡས་རལ་གྲི་འཕྱར་བ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་སྙིང་གར་གཏོད་པ།


TNT15_Page_1120
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡས་ཀྱི་མཐིལ་དང༌། གཡོན་གྱི་པུས་མོ་ཉི་མའི་དཀྱིལ་འཁོར་ལ་བརྟད་དེ་ཕྱེད་ཙམ་བཞེངས་པ། དེར་དམར་པོའི་འདོམ་དཀྲིས་དང༌། སྦྲུལ་གྱི་དོ་ཤལ་དང༌། རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན་པའོ། །རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། བསྟོད་པ་ནི། གང་གི་རང་བཞིན་ཁྲོ་དང་རྣམ་བྲལ་ཡང༌། །ཞེ་སྡང་ཅན་ལ་ཁྲོ་བའི་རྣམ་པ་དང༌། །མཐུན་པར་བསྟན་པས་ཁྲོ་སོགས་ཞི་མཛད་པའི། །བྱང་ཆུབ་འདི་བརྙེས་མཛད་ལ་ཕྱག་འཚལ་ལོ། །བསྟོད་པ་འདི་ནི་ཁྲོ་བོའི་སྒྲུབ་ཐབས་སྒོས་ཀྱི་བསྟོད་པ་མེད་པ་ཀུན་ལའང་སྦྱར་བར་བྱའོ།། །།