རི་ཁྲོད་མ་ལོ་མ་གྱོན་མའི་སྒྲུབ་ཐབས།


TNT15_Page_1120
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་མ་ལོ་མ་གྱོན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བཾ་ཡིག་ལས་འཕགས་མ་རི་ཁྲོད་མ་ལོ་མ་གྱོན་མ་སེར་མོ། ཞལ་གསུམ་ཕྱག་དྲུག་རྩ་ཞལ་སེར། གཡས་དཀར། གཡོན་དམར་བ། དྲག་ཅིང་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གསུམ་རྡོ་རྗེ། དགྲ་སྟ། མདའ། གཡོན་གསུམ་རྡོ་རྗེ་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང༌། ཤིང་ལོའི་སྦྲང་ཡབ་དང༌། གཞུ་འཛིན་པ། སྐྲ་སེར་གྱེན་བརྫཻས་ཤིང་ལོའི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་ཅན། བགེགས་རྣམས་བསྒྱེལ་བའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་པི་ཤཱ་ཙཱི་པརྞ་ཤཱ་བཱ་རཱི་སརྦ་མ་རི་པྲ་ཤ་མ་ནཱ་ཡ་སྭཱཧཱ། བསྟོད་པ་ནི། རྒྱལ་བ་ཀུན་གྱི་ཡེ་ཤེས་སོགས་པར་འདིར་རི་ཁྲོད་མའི་གཟུངས་རིང་ལ་ཆོས་ཚན་གཅིག་ཡོད་ཀྱང༌། རྗེས་གནང་ལོགས་པ་མི་དགོས་སོ། །