རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་རིགས་གཅིག་གི་སྒྲུབ་ཐབས།


TNT15_Page_1123
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་རིགས་གཅིག་གི་སྒྲུབ་ཐབས་ནི། པད་ཉིའི་སྟེང་དུ་ཏཱཾ་ལས། རང་ཉིད་ཀུ་རུ་ཀུལླེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་བཞིའི་གཡས་ཀྱི་དང་པོས་མདའ། གཉིས་པ་སྐྱབས་སྦྱིན། གཡོན་གྱི་དང་པོས་གཞུ། གཉིས་པས་ཨུཏྤ་ལའི་སྡོང་བུ་འཛིན་པ། བདུད་དང་བདུད་ཀྱི་ལྷ་མོ་དགའ་མ་གཉིས་འགྱེལ་བའི་སྟེང་དུ་པད་ཉི་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཤ་འགག་དང༌། སྟོད་གཡོགས་དར་དམར་པོ་ཅན། རིགས་བདག་ནི་དོན་ཡོན་གྲུབ་པའོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྭཱཧཱ། བསྟོད་པ་ནི། ལྷ་མོ་སྒྲོལ་མ་ལས་སྤྲུལ་པ། །དུག་འཇོམས་དབང་འགུགས་ལས་མཛད་ཅིང༌། ཁམས་གསུམ་གཡོ་མཛད་རྣལ་འབྱོར་མ། །རིག་བྱེད་མ་ལ་ཕྱག་འཚལ་བསྟོད། །ཅེས་པ་སྟེ། ཀུ་རུ་ཀུལླེ་འོག་མ་རྣམས་ལའང་རིགས་འགྲེའོ། །སྒྲུབ་ཐབས་འདི་ལ་སྤྱི་མིང་བྱེ་བྲག་ལ་ཐོག་པའི་ཚུལ་གྱིས། སྒྲོལ་མ་ཀུ་རུ་ཀུལླེའི་སྒྲུབ་ཐབས་ཞེས་ཟེར་རོ།། །།