ཨོ་ཌི་ཡ་ན་ལས་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས།


TNT15_Page_1124
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་ཌི་ཡ་ན་ལས་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། ཨེ་ལས་ཆོས་འབྱུང་ངོ༌། །དེའི་ནང་དུ་ཧྲཱིཿལས་པདྨ། རཾ་ལས་ཉི་མ་མི་རོའི་གདན་དང་བཅས་པའི་སྟེང་དུ། ཧྲཱིཿལས་རང་ཉིད་ཀུ་རུ་ཀུལླེ་དམར་མོ། རོལ་པའི་ཁྲོ་མོ་ཆེན་མོ། མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ་དང༌། མེ་ཏོག་དམར་པོའི་གཞུ་འགེངས་པ། གཡས་འོག་མས་མེ་ཏོག་དམར་པོའི་ལྕགས་ཀྱུ་དང༌། གཡོན་འོག་མས་ཨུཏྤལ་དམར་པོའི་སྡོང་བུ་ཞགས་པའི་ཚུལ་དུ་འཛིན་པ། སྟག་གི་པགས་པའི་སྨད་དཀྲིས་དང༌། རུས་པའི་ཕྱག་


TNT15_Page_1125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ལྔ་དང༌། ཐོད་སྐམ་གྱི་དབུ་བརྒྱན། ཐོད་རློན་གྱི་དོ་ཤལ་དང་བཅས་པ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་མི་རོའི་སྙིང་གར་མནན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དབུ་བརྒྱན་ནི་སྣང་མཐའ། སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། ཞེས་པ་ཉིད་དོ། །འོག་ནས་འབྱུང་བའི་ཀུ་རུ་ཀུལླེ་ཐོད་པ་ཅན་གྱི་སྒྲུབ་ཐབས་ཀྱང༌། སྐབས་འདིར་བླངས་ན་ལེགས་ཏེ། དེ་ལྟར་ན་ཀུ་རུ་ཀུལླེའི་སྒྲུབ་ཐབས་ལྔའོ། །སྒྲུབ་ཐབས་བརྒྱ་རྩའི་དཔེ་འགའ་ཞིག་ལས། རྟོག་པ་ནས་འབྱུང་བ་ཀུ་རུ་ཀུལླེ་ཕྱི་མ་དེ་དང་དོན་འདྲ་བ་ལ། སྔགས་ཆེ་གེ་མོ་ཝ་ཤ་མ་ནཱ་ཡ་ཞེས་སྤེལ་ཚིག་བཅུག་པའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་ཞིག་ཀྱང་སྣང་སྟེ། དེང་སང་དེ་ལ་རྗེས་གནང་གི་ལག་ལེན་མེད་དོ།། །།