རྒྱུད་སྡེ་བཞི་ལས་གསུངས་པའི་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས།


TNT15_Page_1141
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་བཞི་ལས་གསུངས་པའི་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །


TNT15_Page_1142
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྣམ་དག་ལེགས་ལམ་སྟོན་པ་ཡི། །མཚན་ལྡན་བླ་མའི་ཞབས་བཏུད་ནས། །བསྟན་པ་འདི་ཡི་ཆོས་སྐྱོང་བ། །ཐུན་མོང་མིན་པའི་སྒྲུབ་ཐབས་བཤད། །འོག་ནས་འབྱུང་བ་ལྟར་གཏོར་མ་རྒྱས་པའམ། དཀར་གཏོར་ཆེན་པོ་བཞིའམ། བཞི་སྒྲིལ་གྱི་གཏོར་མ་བཤམ། འཇིག་རྟེན་འདས་པའི་མཆོད་པ་ཚར་གཅིག་དང༌། འཇིག་རྟེན་པའི་མཆོད་པ་ཇི་ལྟར་འོས་པ་བཤམ། ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བའི་མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། རང་གི་སྙིང་གའི་འོད་ཀྱིས་གསང་བའི་བདག་པོའམ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་བརྗོད། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དབུས་སུ་རིན་པོ་ཆེའི་གདན་ལ་བཞུགས་པར་གྱུར། སླར་ཡང་མཆོད་བསྟོད་ཚར་གཅིག་


TNT15_Page_1143
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་སྙིང་པོ་ཅུང་ཟད་བཟླས། ཡི་དམ་གཞན་གྱི་མདུན་བསྐྱེད་དང་འབྲེལ་བའི་ཚེ་འདི་མི་དགོས་སོ། །བསངས་སྦྱངས། སྟོང་པའི་ངང་ལས་འཇིག་རྟེན་འདས་པའི་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ། བཻ་ལས་རྒྱལ་པོ་རྣམ་ཐོས་སྲས་གསེར་མདོག་ནོར་བུས་མཚན་པའི་བེ་ཅོན་དང༌། གཏེར་གྱི་ནེའུ་ལེ་འཛིན་པ། སྐུ་ལུས་སྦོམ་ཞིང་རབ་ཏུ་བཞད་པ། གཡས་གཡོན་ན་གཏེར་གྱི་བུམ་པ་དང༌། རིན་པོ་ཆེའི་ཆུ་བོ་འབབ་པ། རིན་པོ་ཆེའི་ཁྲི་དང་སེང་གེ་ལ་བཞུགས་པ། ཤར་དུ་དྷྲི་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་སྐུ་མདོག་དཀར་ལ་ལྗང་བའི་མདངས་ཅན། པི་ཝང་བརྡུང་ཞིང་ཞི་བའི་ཚུལ། རིན་པོ་ཆེའི་ཁྲི་དང་གླང་པོའི་གདན་ལ་གནས་པ། ལྷོ་རུ་བི་ལས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོ་སངས་རལ་གྲི་འབར་བ་


TNT15_Page_1144
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཅུང་ཟད་ཁྲོ་བའི་ཉམས་ཅན་རིན་པོ་ཆེའི་ཁྲི་དང་མ་ཧེའི་གདན་ལ་བཞུགས་པ། ནུབ་ཏུ་ཀྵ་ལ་རྒྱལ་པོ་ཆེན་པོ་མིག་མི་བཟང་སྐུ་མདོག་དམར་པོ་འཛུམ་པ། ཕྱག་གཡས་པས་སྦྲུལ་ཞགས་དང༌། གཡོན་པས་རིན་པོ་ཆེའི་མཆོད་རྟེན་འཛིན་ཞིང་དེ་ལ་གཟིགས་པ། སྤྱན་དམར་ཞིང་ལྟ་ཟེར་འབར་བ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། རིན་པོ་ཆེའི་ཁྲི་དང་ཀླུའི་གདན་ལ་བཞུགས་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཞིང༌། དཔའ་ཞིང་བརྗིད་ལ་བཟོད་པར་དཀའ་བའི་གཟི་འོད་ཅན་རབ་ཏུ་དགྱེས་པའི་སྤྱན་ཟླུམ་པོ་གདངས་པ། རིན་པོ་ཆེའི་ཡ་ལད་གསོལ་བ། ཡིད་བཞིན་ནོར་བུའི་ཅོད་པན་དང་བཅས་པའི་ཟེའུ་ཁ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཡོངས་སུ་རྫོགས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རི་རབ་ཀྱི་བང་རིམ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་བསྐུལ་ཞིང་སྤྱན་དྲངས་པར་གྱུར། རྒྱས་པར་སྤྲོ་ན་རེ་རེ་ཞིང་སྤྱན་དྲངས། མཆོད་བསྟོད། དམ་བཞགབཞུགས་གསོལ་རྣམས་རིམ་པས་བྱ། བསྡུ་ན། ཨོཾ་བཻ་ཤྲ་ཝ་ཎ་ཡ། དྷྲི་ཏ་རཥྟ་ཡ། བི་རུ་ཌྷ་ཀ་ཡ། བི་རུ་པཀྵ་ཡ། ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། མཚན་སྔགས་དེ་ཉིད་ལ་ཨརྒྷཾ་སོགས་སྦྱར་བས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ་སོགས་ཀྱིས་བསྟོད་དོ། །ལས་ཀུན་སྒྲུབ་


TNT15_Page_1145
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུ་བོ་ཆེ། །རྒྱས་མཛད་ངལ་གསོས་པོ་ལ་བསྟོད། །ཞི་ཞིང་བསྲུང་བའི་ལས་མཛད་པ། །གནས་སྲུང་པོ་ལ་ཕྱག་འཚལ་ལོ། །ཡམས་ཀུན་ཞི་ཞིང་འཆི་བ་བཟློག།དགྲ་འཇོམས་ལུས་འཕགས་པོ་ལའང་བསྟོད། །སྨན་དང་ལོ་ཏོག་རྒྱས་མཛད་ཅིང༌། །དབང་བྱེད་མིག་མི་བཟང་ལ་འདུད། །ཅེས་པའམ། བསྡུ་ན་དད་ལྡན་རྒྱལ་བའི་བཀའ་སྡོད་སོགས་ཀྱིས་བསྟོད། མཚན་སྔགས་ཀྱི་མཐར་ས་མ་ཡ་སྟྭཾ། ཞེས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཏེ་དམ་ལ་བཞགམཚན་སྔགས་ཀྱི་མཐར་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་བཞུགས་སུ་གསོལ། སླར་ཡང་མཆོད་བསྟོད་གཅིག་བྱས་ལ་སོ་སོའི་མཚན་སྔགས་སམ། ཨོཾ་བཻ་སྭཱཧཱ། ཨོཾ་དྷྲི་སྭཱཧཱ། ཨོཾ་བི་སྭཱཧཱ། ཨོཾ་ཀྵ་སྭཱཧཱ། ཞེས་ཅི་ནུས་བཟླ་བ་དང༌། ལས་རེ་རེ་སྒྲུབ་པའི་ཚེ། ཞི་བ་ལ་སྭཱཧཱའི་མཐའ་ཅན་དང༌། རྒྱས་པ་ལ་ན་མཿ དང༌། དབང་ལ་ཝ་ཥཊ་དང༌། དྲག་པོ་ལ་ཧཱུཾ་གི་མཐའ་ཅན་དུ་བྱེད། བཞི་ཆར་ཆ་མཉམ་དུ་སྒྲུབ་ན། ཨོཾ་བཻ་ན་མཿབོ་ཥཊ། ཨོཾ་དྷྲི་སྭཱཧཱ་ཨོཾ། ཨོཾ་བི་མ་ར་ཡ་ཧཱུཾ་ཕཊ། ཨོཾ་ཀྵ་ཝ་ཥཊ་ཧོ། ཞེས་པ་རྣམས་བཟླའོ། །གཏོར་མ་བདག་བསྐྱེད་དང་མཐུན་པར་བྱིན་གྱིས་བརླབས་ལ། མཐར་རེ་རེ་བཞིན་སྔགས་དྲུག་ཕྱག་རྒྱ་དྲུག་གིས་རྒྱས་འདེབས་པའམ། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ། ཨོཾ་བཻ་ཤྲ་མ་ཎ་ཡ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་རེ་རེའི་མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གསུམ་གྱིས་


TNT15_Page_1146
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། ཨོཾ་བཛྲ་ཡཀྵ་ཎི་གྲྀ་ཧ་ཏ་སྭཱཧཱ། ཨོཾ་མ་ཐ་མ་ཐ་བཛྲ་གནྡྷརྦྷ་ཧྲི་ད་ཡེ་སྭཱཧཱ། ཨོཾ་ཁུ་ཁུ་ཎི་གྷི་ཧ་བཱ་ལིཾ་སྭཱཧཱ། ཨོཾ་ཧ་ར་ཧ་ར་ནཱ་ག་བཛྲ་སྭཱཧཱ། ཞེས་པ་རྣམས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གསུམ་གྱིས་འཁོར་རྣམས་ལ་ཕུལ། ཨོཾ་བྷ་ཝ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ་གྲྀཧྞ་ཧཱུཾ། སརྦ་བྷུ་ཏ་བཱ་ལིཾ་སྭཱཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་གིས་འཁོར་འབྱུང་པོ་སྤྱི་ལ་ཕུལ། ཨོཾ་སརྦ་ཨ་མི་ཤི་བྷྱཿ ཝ་ཧ་རི་ཎེ་སྭཱཧཱ། ཞེས་པས་འཆོལ་བའི་རིགས་རྣམས་ལ་རྨེ་གཏོར་སྦྱིན། མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་བསྡུ་སྨོན་ལམ་བཀྲ་ཤིས་རྣམས་སྤྱི་དང་འདྲ། ལག་ལེན་གྱི་སྙིང་པོ་འདི་ཁོ་ནས་ཆོག་ལ། སྤྱན་འདྲེན། བཞུགས་གསོལ། མཆོད་འཕྲེང༌། བསྟོད་པ། འཕྲིན་བཅོལ་རྣམས་རྒྱས་པ་ལ་དགའ་ན་གཞན་དུ་ཤེས་པར་བྱའོ། །འདིའི་བཀའ་གཏད་བྱ་བར་འདོད་ན། གཏོར་མ་རྒྱས་པའི་ལུགས་བྱེད་དེ། དབུས་སུ་སྟེགས་བུ་མཐོ་བ་ལ་མཎྜལ་ཚོམ་བུར་བཅས་པ་མཆོད་པས་བསྐོར་བ་ཞིག་བཤམ། བྱང་དུ་གཏོར་མ་རི་རབ་གླིང་བཞིའི་རྣམ་པ་ཅན་ཤིང་ཐོག་དང་ནོར་སྣས་བརྒྱན་པ། ཤར་དུ་ཟླུམ་གཏོར་དྲི་སྣ་ཚོགས་ཀྱིས་བརྒྱན་ཞིང༌། ཁྲག་སྣའི་མཆོད་ཡོན་ཅན། ལྷོ་རུ་གྲུ་གསུམ་ཉ་དང་ཤ་ཁྲག་ཅན། ནུབ་ཏུ་ཟླ་གམ་འོ་མ་དང་མེ་ཏོག་ཅན་སོ་སོའི་མཐེབ་ཀྱུ་མང་པོས་བསྐོར་བ། འབྱུང་པོ་སྤྱིའི་གཏོར་མ་དང༌། རྨེ་གཏོར་ཆང་བུའི་ཚུལ་ཅན་ཀྱང་བཤམ། རེ་རེ་བཞིན་མཆོད་པ་ཆ་ཚང་རེ་ལས་མི་ཉུང་བར་བྱེད།


TNT15_Page_1147
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་རྩེ་མོ་ལ་སོ་སོའི་ཙ་ཀ་ལི་རྣམས་འཛུགས། བགེགས་གཏོར་བཏང༌། སྲུང་འཁོར་བསྒོམ། གནས་ཡོ་བྱིན་རླབས་བྱ། དེ་ནས་གོང་དུ་བཤད་པ་བཞིན་འདོད་དོན་གསོལ་བཏབ་ཡན་ཆད་སློབ་དཔོན་གྱིས་རྫོགས་པར་སྒྲུབས། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བ་བཏབ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་གང་རུང་རེ་འབོགས། རྒྱུན་བཤགས་ཡན་ལག་བདུན་པའང་གང་རུང་རེ་བྱར་བཅུགསློབ་མའི་བློ་ངོར་མདུན་བསྐྱེད་རྫོགས་པར་གསལ་འདེབས། སློབ་མ་ཉིད་ཡི་དམ་གང་རུང་གི་ངོ་བོར་གསལ་བཏབ། རོལ་མོའི་སྒྲ་དང་བཅས་རྒྱལ་ཆེན་བཞི་སྤྱན་འདྲེན་པ་ནས། མཆོད་བསྟོད། གདན་འབུལ། དམ་ཡེ་བསྲེ་བའི་བར་གོང་བཞིན། སློབ་མའི་སྙིང་གར་ཡི་དམ་གྱི་ས་བོན་ལ་སྙིང་པོས་བསྐོར་བ། དེའི་མཐར་སྔགས་འཕྲེང་འཁོར་བའི་དམིགས་པ་དང་བཅས་པའི་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། སློབ་མས་ཕུལ་བར་མོས་ཏེ། གཏོར་མ་ཁ་གསོས་སོ་སོར་འབུལ། མཆོད་པའང་ཁ་གསོས་ཏེ་བྱིན་གྱིས་བརླབས་ལ་མཆོད་བསྟོད་བྱ། རེ་རེ་བཞིན་གཏོར་མ་ལག་ཏུ་རིམ་པས་གཏད་ལ་བཀའ་བསྒོ་དྲག་ཏུ་བྱ། རྗེས་ཀྱི་བྱ་བ་ནི་སྤྱི་དང་མཐུན། དགེ་བསྙེན་སྔགས་པ་མ་ཡིན་པའི་ཁྱིམ་པ་ཕལ་བ་ལ་བྱེད་ན། སློབ་མ་ཡི་དམ་དུ་མ་བསྐྱེད་པར་གཏོར་མ་མགོ་བོར་བཞག་སྟེ་གཏོར་དབང་བསྐུར་ན་ལེགས་པར་གསུང་སྟེ། སྤྱིར་དེ་འདྲ་བ་ལ་སྔགས་སྦྱྀན་པ་རྒྱུད་སྡེའི་དགོངས་པ་མིན་ཡང༌། ཡུལ་ཆོས་ཀྱི་དེང་སང་ཐམས་ཅད་བྱེད་པ་ལྟར་ན། དེ་ལྟར་ཤིས་པ་ཡིན་ཏེ། འདིས་གཞན་ཐམས་ཅད་ལའང་རིགས་འགྲེའོ། །ཡང་འདི་ལ་བུམ་པ་


TNT15_Page_1148
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་ལྷ་མི་བསྐྱེད་པར་སོ་སོའི་སྔགས་བཟླས་ལ། བཟླས་ལུང་གི་སྔོན་དུ་བུམ་པའི་ཆུས་དབང་བསྐུར་ཏེ། སྔགས་དབང་བསྐུར་བའི་ཐ་སྙད་དུ་མཛད་པའི་ཕྱག་ལེན་ཡང་གདའ་བ་ཤིན་ཏུ་ལེགས་པར་མངོན་ནོ། །དེས་སང་མཐུ་དང་དཔལ་འདོད་ཀུན༵། །ཡུལ་འདྲེ་གདུགས་ཅན་སྒྲུབ་ལ་དག༵འ། །སྙིང༵་ནས་ཆོས་འབྱོར་རྒྱས་འདོད་ན། །བཟང་པོ༵འི་ལྷ་ནི་སྒྲུབས་ཤིག་ཀྱེ། །རྒྱལ་པོ་ཆེན་པོ་བཞིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །