Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  collapse section
སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྟ་མགྲིན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དགུ་པ།
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྟ་མགྲིན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དགུ་པ།next

སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྟ་མགྲིན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དགུ་པ།

རྟ་མགྲིན་ཇོ་བོ་ལུགས་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།


TNT15_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ནིརྟི་ཤྭ་རཱ་ཡ། ཡེ་ཤེས་བསྐལ་པའི་མེ་འོད་ཀྱིས། །བདུད་ཀྱི་དཀྱིལ་འཁོར་ཀུན་བསྲེགས་ནས། ཁམས་གསུམ་དབང་དུ་སྡུད་མཛད་པ། །དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །དེའི་སྒྲུབ་ཐབས་བཤད་བྱ་སྟེ། །ཀུན་གྱི་རྩ་བ་ཕྱག་གཉིས་པ། །སྒྲུབ་འདོད་མར་མེ་མཛད་དཔལ་གྱི། །མན་ངག་བཞིན་དུ་འདིར་བཤད་བྱ། །འདིར་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། སྭ་བྷཱ་ཝ་ལན་གསུམ་གྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གར་རཾ་སེར་པོ་ལས་ཉི་མའི་སྟེང་དུ་ཧྲཱིཿདམར་པོ་དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་གྱུར་པ་ནི། སྐུ་མདོག་པདྨ་རཱ་ག་ལྟར་འབར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་སེང་ལྡེང་གི་དབྱུག་ཐོ་རྡོ་རྗེས་མཚན་པ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པ། དབུའི་སྟེང་དུ་རྟ་མགོ་ལྗང་ཁུས་རྟ་སྐད་འབྱིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཀླུ་ཕོ་མོ་མནན་པ། སྟག་ལྤགས་དང་སྦྲུལ་རྒྱན་སོགས་ཁྲོ་བོའི་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་ཤིང་མེ་དཔུང་འབར་བའི་དབུས་ན་


TNT15_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་རྟ་མགྲིན་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་བསྐུར་རང་གི་སྤྱི་བོར་འོད་དཔག་ཏུ་མེད་པས་དབུ་བརྒྱན། གནས་གསུམ་བྱིན་རླབས་མན་ཆད་བོར་ཡང་རུང་ངོ༌། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླ། ཐུན་མཚམས་སུ་དགེ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་གཏོང་བར་འདོད་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་སྣོད་པཾ་ལས་པདྨ་དམར་པོ་བཾ་གྱིས་མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། པདྨ་རཱ་གའི་སྣོད་ཆེན་པོར་གྱུར། དེའི་ནང་གཏོར་རྫས་ཀྱིས་གང་བ། ནམ་མཁར་ཧྲཱིཿདཀར་དམར་མཐིང་གསུམ་བརྩེགས་པ། རང་གི་སྙིང་གའི་ཧྲཱིཿལས་འོད་འཕྲོས་གསུམ་ལ་ཕོག་པས། བདུད་རྩིའི་རྒྱུན་འཛགས་གཏོར་སྣོད་གང༌། ཨོཾ་སརྦ་ཀ་རི་ཞེས་པ་ལན་གསུམ་དང༌། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་ཉི་ཤུ་རྩ་གཅིག་བརྗོད་པས། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྤྱན་དྲངས། གཏོར་མའི་སྟེང་གི་ནམ་མཁར་བཞུགས་པར་བསམས། སླར་ཡང་ཧྲཱིཿཡིག་གི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་བྱས་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་ཐམས་ཅད་སྤྱན་དྲངས། སྙིང་པོའི་སྔགས་ལན་གསུམ་གྱིས་གཏོར་མ་གཙོ་བོ་ལ་ཕུལ། ཨོཾ་


TNT15_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧྲཱིཿཧཱུཾ། ལན་ཉི་ཤུ་རྩ་གཅིག་གིས་འཇིག་རྟེན་ལས་འདས་པའི་སྲུང་མ་དང༌། ལན་བདུན་གྱིས་འཇིག་རྟེན་པ་རྣམས་ལ་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་གསོལ་བ་བཏབ་ནས། བཛྲ་མུཿ ཡེ་ཤེས་གཤེགས་སུ་གསོལ། དགེ་བ་བསྔོའོ། །འདིའི་རིག་གཏད་ཀྱི་དབང་བསྐུར་ནི། མཎྜལ་གྲུ་བཞི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་རེ་ཁ་དཀར་པོས་བྲིས། གྲུ་བཅད་བཞི་ཕྱོགས་མདོག་ཏུ་བཏང༌། དེའི་དབུས་སུ་མཉྫིའི་སྟེང་དུ་བུམ་པ་མཚན་ཉིད་དང་ལྡན་པ་བཤམས། མདུན་དུ་མཆོད་གཏོར་རྒྱ་ཆེར་བཤམས་ཤིང༌། སྤྱིར་དགོས་པའི་ཡོ་བྱད་རོལ་མོ་སྣ་ཚོགས་དང༌། སྔོན་འགྲོ་གཏོར་མ། བརྩེགས་གཏོར། གློ་གཉིས་སུ་ཆང་བུ་དང་མཐེབ་ཀྱུ་རེ། དེ་ལ་རིལ་བུ་བརྒྱ་བརྒྱད་སྤུངས་པ་ཞིག་བྱ། ཕྱོགས་གང་ཡང་རུང་བ་ཞིག་ཏུ་སྟེགས་བུ་ལ་གཏོར་མ་དང༌། སེང་ལྡེང་གི་དབྱུག་ཐོ་ཞིག་ཀྱང་བཞགསྔོན་འགྲོ་གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཁ་འབར་མའི་སྔགས་བརྒྱ་རྩ་གཅིག་གིས་བསྔོས་ལ། ཡེ་དྷརྨ་དང༌། སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་ཀྱིས་ཆོས་བཤད། ཨ་པ་ར་སྠ་ནཾ་གཙྪ། ཞེས་པས་རང་གནས་སུ་སོང་བར་བསམ། བགེགས་དང་ལོག་འདྲེན་ལ་བདེན་པ་བདར་ཞིང༌། སྔགས་བཟླས་པས་བསྐྲད། མཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་བསྐྱེད་གོང་བཞིན་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་དང་བུམ་པ་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པའི་དབུས་སུ། རཾ་སེར་པོ་ལས་ཞེས་པ་ནས། དབུ་བརྒྱན་གྱི་བར་གོང་བཞིན། དབང་རྫས་ཀྱི་གཏོར་མ་དང༌།


TNT15_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་སྐད་ཅིག་གིས་རྟ་མགྲིན་ཞལ་ཕྱག་ཡོངས་སུ་རྫོགས་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང༌། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། དབང་རྫས་ཀྱི་རྟ་མགྲྀན་གཉིས་པོ་ཞུ་བ་ལས་གཏོར་མ་དང་དབྱུག་པར་གྱུར། གཟུངས་ཐག་བཟུང་ཞིང་སྔགས་བཟླས་པས། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་བདུད་རྩིར་སྤྱན་དྲངས། བུམ་ནང་གི་ལྷའི་ཐུགས་ཀར་ཐིམ། སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། སྙིང་པོ་བརྒྱ་རྩ་ཙམ་བཟླ། མཎྜལ་གཏོར་མ་དབྱུག་པ་གསུམ་ལ་དམིགས་ནས་ཉེར་གཅིག་ཙམ་རེ་བཟླའོ། །གོང་བཞིན་གཏོར་མ་ཕུལ། མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། དུང་ཆོས་ཀྱི་ཆུ་བུམ་པར་བླུགཨོཾ་ཨཱཿཧཱུཾ། བུམ་ནང་གི་ལྷ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་གྱུར། དེ་ནས་སློབ་མས་མཎྜལ་ཕུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དུ། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་རྟ་མགྲིན་ཡི་དམ་དུ་འཚལ་གྱི། བདག་ལ་བྱིན་གྱིས་


TNT15_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པ་སྩལ་དུ་གསོལ། ཅེས་ལན་གསུམ། དེ་ནས་སློབ་དཔོན་གྱིས་ལེགས་སོའི་སྤྲོ་བ་བསྐྱེད་ཅིགསླར་ཡང་བཟླས་བརྗོད་ལ་བརྩོན་པར་གདམས། དེ་ནས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད། རྒྱས་པར་འབོགས། བསྡུ་ན་སྐྱབས་འགྲོ་སེམས་བསྐྱེད་སངས་རྒྱས་ཆོས་དང་མས་ཆོགབུ་ཚུར་ཐེག་པ་ཆེན་པོ་ཡི། །ཞེས་སོགས་སྔགས་ཀྱི་ཆེ་བ་བརྗོད། སློབ་མའི་སྤྱི་བོར་རྟ་མགྲིན་དང༌། སྙིང་གའི་ནང་དུ་ཧྲཱིཿཡིག་མར་མེ་འབར་བ་ལྟ་བུ་གསལ་བཏབ། རྟ་མགྲིན་གྱི་གནས་གསུམ་ནས་འོད་ཟེར་འབར་བ། དཔག་ཏུ་མེད་པ་བྱུང༌། སློབ་མའི་ལུས་གང༌། སྡིག་སྒྲིབ་བསྲེགས། བདེ་བ་སྐྱེས་པར་མོས། སྔགས་བཟླ་ཞིང་རོལ་མོའི་སྒྲ་བྱ། དེས་ཡེ་ཤེས་ཕེབས་པར་འགྱུར། མངོན་རྟོགས་བཞིན་ལྷ་བསྐྱེད་བསྟིམ། སྐུའི་གནང་སྤྱི་དང་འདྲ་བར་བྱས་ནས། དབང་ལྷ་སྤྱན་དྲངས། ཇི་ལྟར་བལྟམས་པ་ཞེས་སོགས་ཀྱི་དབང་བསྐུར། འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་གྱི་བར་སྤྱི་དང་འདྲ། མེ་ཏོག་སྤྱི་བོར་བཞགསྙིང་པོ་ལན་བདུན་ཙམ་བཟླས་ཏེ་བརྟན་པར་བསམ། བཟླས་ལུང་དང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །སོགས་བྱིན་གྱིས་བརླབ་པའི་ལུང་སྤྱི་དང་མཐུན། འཇིག་རྟེན་འདི་ན་གདུག་ཅན་དྲེགས་པ་ཆེ། །འོག་གི་ཀླུ་དང་སྟེང་གི་ཚངས་པ་སོགས། །འཇོམས་བྱེད་དབྱུག་པ་བཟུང་ཞིང་གདུག་པ་ཐུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག །ཅེས་དང༌། སྙིང་པོ་ལན་གསུམ་གྱིས་དབྱུག་པ་གཏད་དེ། ཐུགས་ཀྱི་བྱིན་རླབས་སོ། །དེ་ནས་གཏོར་དབང་སྤྱི་དང་མཐུན་པར་བསྐུར། སློབ་མའི་རྗེས་ཀྱི་བྱ་བ་དང༌།


TNT15_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་ཀྱི་རྗེས་ཆོག་རྣམས་སྤྱིའི་ཆོ་གས་རིགས་འགྲེའོ། ཁྲོ་རྒྱལ་ཀུན་གྱི་རིགས་སྔགས་རྒྱལ། །གསང་སྔགས་འཆང་ཀུན༵་དག༵འ་བསྐྱེད་པ། །རྟ་མགྲིན་སྙིང༵་པོ༵འི་སྒྲུབ་ཐབས་འདི། །མདོ་ཙམ་ཡི་གེའི་ལམ་དུ་བྱས། །རྟ་མགྲིན་ཇོ་བོ་ལུགས་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་སྒྲུབ་ཐབས།


TNT15_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཉིན་བྱེད་འབུམ་གྱི་འོད་ཟེར་གྱིས། །གནོད་བྱེད་འབྱུང་པོ་ཀུན་བསྲེགས་ཏེ། །འགྲོ་ལ་གསུང་གི་སྣང་བ་འགྱེད། །གསུང་གི་མངའ་བདག་ཁྱེད་ལ་འདུད། །ཐུགས་རྗེ་ཆེན་པོ་དྲག་པོར་གྲགས་པ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་སྒྲུབ་ཐབས་ཆེན་མོ་དཔལ་ལྡན་ཨཱ་ཏི་ཤའི་བཞེད་པ་བཞིན་བཤད་པར་བྱའོ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། རང་གི་སྙིང་གར་རཾ་སེར་པོའི་འོད་ཀྱི་འཕྲོ་འདུ་ལས་ཉི་མ་དང་དེ་ལ་གནས་པའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སོགས་དང༌། འོག་ནས་འབྱུང་བ་ལྟར་ཤོ་ལོ་ཀ་གཅིག་གིས་བསྟོད་ཅིང་ཕྱག་འཚལ། སྙིང་ག་ནས་འོད་ཟེར་འཕྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། པུཥྤེ་ནས་ནཻ་ཝི་ཏེའི་བར་གྱིས་མཆོད། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པར་གང་གྱུར་པ། །སྐྲག་པས་རྨི་ལྟར་བཤགས་བགྱིད་ཅིང༌། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང༌། །དམ་པའི་སྐྱབས་གསུམ་ལ་སྐྱབས་མཆི། །


TNT15_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྒྱུན་བཤགས་དང༌། དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་སོགས་ལན་གསུམ། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ནག་པོ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་བསྲུང་བའི་འཁོར་ལོར་གྱུར། དེའི་ནང་དུ་ཉི་མ་ལ་¿བྷྲུཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང༌། གྲུ་བཞི་སྒོ་བཞི། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་དངུལ། ལྷོ་བཻཌཱུཪྱ། ནུབ་པདྨ་རཱ་གབྱང་གསེར་ལས་གྲུབ་པའི། ཡང་ན་བྷྲཱུཾ་ལས་ཐོད་རུས་འབར་བའི་གཞལ་ཡས་ཁང་སྟོང་གསུམ་གྱི་ཁྱོན་དང་མཉམ་པ། ཤ་རུས་ཀྱི་རྒྱན་གྱིས་བརྒྱན་པར་བསྒོམ། དེའི་དབུས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་བཅོམ་ལྡན་འདས་རྟ་མགྲིན་དབུ་གསུམ་ཕྱག་དྲུག་པ། སྐུ་མདོག་དམར་པོ། དབུས་དམར། གཡས་དཀར། གཡོན་གནག་པའི་ཞལ་སྤྱན་གསུམ་དང་ལྡན་པ། དབུ་གསུམ་གྱི་སྟེང་དུ་རྟ་མགོ་ལྗང་ཁུ་གསུམ་ཡོད་པ། ཞལ་ནས་འབྲུག་སྟོང་ལྡིར་བ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ། གཉིས་པ་ན་གསེར་གྱི་ཞགས་པ། གསུམ་པ་ན་དབྱུག་ཐོ་བསྣམས་པ། གཡོན་གྱི་དང་པོ་ན་དུང་ཆེན་དམར་གྱིས་བཀང་བ་བསྣམས་པ། གཉིས་པ་ན་རལ་གྲི། ཐ་མ་སྦར་བ་གདངས་པའི་མཐེ་བོང་ལས་བྱ་ཁྱུང་དཀར་པོ། མཛུབ་མོ་ལས་མཐིང་ཁ། གུང་མོ་ལས་སེར་པོ། སྲིན་ལག་ལས་དམར་པོ། མཐེའུ་ཆུང་ལས་ལྗང་ཁུ་རྣམས། བྱེ་བ་བྱེ་བའི་སྤྲུལ་པ་འགྱེད་པ།


TNT15_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུག་གིས་ཀླུ་བརྒྱད་བརྫིས་པ། རྡོ་རྗེ་གཤོག་པ་གཡས་གཡོན་ལས་བྱ་ཁྱུང་གི་སྤྲུལ་པ་འགྱེད་པ། སྟག་ལྤགས་ཀྱི་ཤམ་ཐབས། གླང་ཆེན་གྱི་ཀོ་རློན། ཐོད་རྐམ་གྱི་དབུ་རྒྱན། ཐོད་རློན་གྱི་སེ་རལ་ཁ། སྦྲུལ་དཀར་ནག་གིས་ཡན་ལག་རྣམས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ལྕེ་རྡོ་རྗེ་རྩེ་ལྔ་པ། ཨོཾ་སརྦ་ཀ་རི་ཞེས་པས་མཚན། སྙིང་ག་གཡོན་པར་ཉི་མ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ། གཡས་པར་ཟླ་བ་ལ་གནས་པའི་རྒྱ་གྲམ་ལྗང་ཁུ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་གའི་རྡོ་རྗེ་རྩེ་ལྔ་པ་ལས་འོད་འཕྲོས། དབང་གི་ལྷ་རྒྱལ་བ་རིགས་ལྔ་སྤྱན་དྲངས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་དབང་བསྐུར། རྒྱ་གྲམ་ལས་འོད་འཕྲོས། ཡེ་ཤེས་སེམས་དཔའ་སྤྱན་དྲངས། པུཥྤེ་སོགས་ཀྱིས་མཆོད། ཧཱུཾ་སྐུ་མདོག་ཆགས་མེད་ནུབ་ཁའི་དམར་ཐག་འདྲ། །འབར་བའི་དབུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་བུབ་གནོན་པའི་ལྷ། །པདྨ་རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཧ་ཡ་གྲྀ་ཝ་རྟ་མཆོག་དཔལ། །ཞལ་ནས་ཧཱུཾ་ཕཊ་འབྲུག་སྟོང་དི་རི་རི། །ཞལ་བགྲད་མཆེ་བ་གཙིགས་པའི་ཚེམས་ནང་ན། །གདུག་པ་འདུལ་བའི་མེ་སྟག་ཁྲོམ་ཁྲོམ་འབར། ཁྲོ་རྒྱལ་དབང་གི་རྟ་སྐད་ཚེར་ཚེར་འཚེར། །རྟ་མགྲིན་རྟ་སྐད་འཚེར་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཛཿཧཱུཾ་བཾ་ཧོཿ ཞེས་རང་དང་གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླ། ཐུན་བསྡུ་བའི་ཚེ། ཡེ་


TNT15_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའ་རང་གི་མདུན་དུ་བཞུགས་པ་ལ། གོང་བཞིན་མཆོད་བསྟོད་བྱས་ཏེ། བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད། ཡི་གེ་བརྒྱ་པའི་མཐར་བཛྲ་མུཿ གཤེགས་སུ་གསོལ་གཏོར་མ་འབུལ་བར་འདོད་ན། རྟ་མགྲིན་ཕྱག་གཉིས་པའི་སྒྲུབ་ཐབས་དང་འདྲའོ། །འདིའི་རྗེས་གནང་ཡང་རྟ་མགྲིན་ལྷན་སྐྱེས་སུ་གྲགས་པ་ཕྱག་གཉིས་པའི་སྐབས་དང་འདྲ་བས་དེ་ཉིད་འདོན་པ་སྤོ། ཁྱད་པར་ཕྱག་མཚན་གསེར་མདོག་གི་ཞགས་པ་དང་རལ་གྲི། སེང་ལྡེང་དབྱུག་པའི་ཚབ་ཏུ་འཇོགཐུགས་ཀྱི་རྗེས་གནང་སྐབས། ཐབས་དང་ཤེས་རབ་རང་བཞིན་གྱི། །ཞགས་པ་རལ་གྲི་བུ་ལ་སྦྱིན། །ཞགས་པས་ཆིངས་ལ་རལ་གྲིས་གཏུབས། །སྟོང་ཉིད་སྙིང་རྗེ་རྟོགས་པར་ཤོག །ཅེས་བརྗོད། འདི་ལྟ་ལྟར་བྱེད་ན། དེའི་ཚོམ་བུ་བཀོད། འཁོར་བཞི་ཁྱི་གདོང་མི་དགོས། གཞན་ཤྭ་ན་བཞི་བསྐོར་དང་འདྲའོ། །མཚན་ཡང་རྡོ་རྗེ་མཁའ་འགྲོ་མ་སོགས་སུ་སྤོའོ། མཁས་པ་ཀུན༵་གྱི་གཙུག་གི་རྒྱན། །དཱི་པཾ་ཀ་རས་ཡོལ་སྟོན་ལ། །གནང་བས་དག༵འ་སྐྱེས་དངོས་གྲུབ་ཐོབ། །དེ་གསུང་སྙིང༵་པོ༵་ཙམ་དུ་བསྡུས། །རྟ་མགྲིན་ཇོ་ལུགས་ཆེན་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

རྟ་མཆོག་དཔལ་གྱི་སྒྲུབ་ཐབས།


TNT15_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཀྲོ་དྷ་རཱ་ཛཱ་ཡ། ཆེས་ཟབ་མཆོག་ཏུ་རྨད་བྱུང་བ། །རྟ་མཆོག་དཔལ་གྱི་སྒྲུབ་ཐབས་འདི། །མདོ་ཙམ་བདག་གིས་བཤད་བྱ་ཡི། །ཡིད་ལ་དགའ་བ་བསྐྱེད་དེ་ཉོན། །མཎྜལ་དམར་པོ་ལེགས་པར་བརྒྱན་ལ། ཚོམ་བུ་ལྔ་བཀྲམ་ལ། མཆོད་པ་དང་། གཏོར་མ་གསུམ་བཤམས། སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་པཾ་ལས་པདྨ། རཾ་ལས་ཉི་མ། དེ་ལས་གནས་པའི་ཧཱུཾ་ལས་འོད་འཕྲོས། བླ་མ་དང་རྟ་མགྲིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་


TNT15_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བཟང་སྤྱོད་ནས་འབྱུང་པ་ལྟར་ཡན་ལག་བདུན་པ་བྱ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་རྟག་ཏུ་དབུལ་བར་བགྱི། །ཞེས་བརྗོད། ཡང་ན་སྐྱབས་སེམས་གོང་དུ་མ་བྱས་པར། སྐབས་འདིར་བྱས་ཀྱང་རུང༌། དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བ། མཾ་ལས་ཉི་མ་བརྩེགས་པའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའི་བསྲུང་འཁོར་དང༌། རྡོ་རྗེ་ཧཱུཾ་དང་བཅས་པ་གཞལ་ཡས་ཁང་དུ་གྱུར། དེའི་དབུས་སུ་རང་སེམས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རང་ཉིད་ཁྲོ་རྒྱལ་རྟ་མཆོག་རོལ་པ་པདྨ་རཱ་ག་ལྟར་དམར་ཞིང༌། དམར་སྔོ་དཀར་བའི་ཞལ་གསུམ་དབུས་མའི་སྟེང་དུ། རྟ་མགོ་ལྗང་ཞུར་གྱེན་དུ་བལྟས་ཏེ་རྟ་སྐད་འབྱིན་པ། ཕྱག་བཞིའི་དང་པོ་གཉིས་རྡོ་རྗེ་དང་པདྨ། ཐ་མ་གཉིས་ཀྱིས་མདའ་གཞུ་འགེངས་པ། ཞབས་བཞིའི་གཡོན་བརྐྱང་པའི་བརྐྱང་བསྐུམ་དང་གར་སྟབས་ཀྱིས་ཚངས་པ་ཁྱབ་འཇུག་དབང་པོ་མཧཱ་དེ་བ་རྣམས་མནན་པ། རྒྱལ་བ་རིགས་ལྔས་དབུ་ལ་བརྒྱན་པ། སྟག་ལྤགས་སྦྲུལ་རྒྱན་མི་མགོའི་དོ་ཤལ་ཅན། ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས་པ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཤར་དུ་རྡོ་རྗེ་ལས་བྱེད་མ་མཐིང་སྐྱ། ལྷོར་གཤིན་རྗེ་ལས་བྱེད་མ་མཐིང་ནག ནུབ་ཏུ་ཀླུ་མོ་ལས་བྱེད་མ་དཀར་མོ། བྱང་དུ་གནོད་སྦྱིན་ལས་བྱེད་མ་ལྗང་ཁུ་ཐམས་ཅད་ཀྱང་


TNT15_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་གདོང་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་ཁྲག་འཛིན་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ལྷ་ལྔ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བཟླས་པའི་དམིགས་པ་སྤྱི་དང་མཐུན་པར་བསྒོམས་ལ། ཨོཾ་ཧ་ཧ་ཧི་ཧི་ཧྲིཾ་ཧྲིཾ་ཧྲི་ཧྲི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་རྩ་བའི་སྔགས་ཅི་འགྲུབ་བཟླ་ཞིང༌། བཛྲ་ཤྭ་ན་ས་མ་ཡ། ཡ་མ་ཤྭ་ན་ས་མ་ཡ། ནཱ་ག་ཤྭ་ན་ས་མ་ཡ། ཁ་ར་ཀ་ཤྭ་ན་ས་མ་ཡ། ཞེས་བཏགས་པ་བཟླ་ཞིང༌། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པ་དང༌། ཨོཾ་ཏ་ཀྲི་ཏ་ཙ་ཏི་བི་ཙ་ཏི་ཧཱུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། པུ་རུ་ཏེ་པུ་རུ་ཏེ་སྭཱཧཱ། ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་སམ། རྩ་སྔགས་དང་ཉེ་བའི་སྙིང་པོ་སྟེ། དེ་དག་ཀྱང་ཅི་འགྲུབ་བཟླའོ། །ལས་སྔགས་ནི་སྒྲུབ་ཐབས་རྣམས་སུ་ཤེས་པར་བྱའོ། ཐུན་བསྡུ་བར་འདོད་ན། རང་གི་སྙིང་གའི་ཧཱུཾ་དམར་པོ་ལས་གཙོ་འཁོར་ལྔ་སྤྲོས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ལྷ་ལྔ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཧཱུཾ་ཆགས་མེད་སོགས་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿ ཞེས་གཉིས་སུ་མེད་པར་ཐིམ། རང་གི་སྙིང་གའི་འོད་ཟེར་གྱིས་དབང་གི་ལྷ་བཛྲ་ས་མཱ་ཛཿ བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱི་གསོལ་བ་བཏབ། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང༌། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་འོད་དཔག་


TNT15_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཙོ་བོར་གྱུར་པའི་རིགས་ལྔ་དང༌། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། དེ་ནས་མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མཆོད་བསྟོད་གོང་བཞིན་བྱ་བའམ་གང་འགྲུབ་བྱའོ། །བར་འདིར་སྐུ་གསུང་ཐུགས་ཀྱི་བཟླས་པ་ཅི་འགྲུབ་བྱ་ཞིང༌། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། གཙོ་བོའི་གཏོར་སྣོད་བྷྲུཾ་ལས་རིན་པོ་ཆེའི་པད་གཞོང་ཡངས་ཤིང་རྒྱ་ཆེ་བར་གྱུར། དེའི་ནང་དུ་བཅུད་ཡི་གེ་འབྲུ་གསུམ་ལས་བྱུང་བའི་ལྷའི་བདུད་རྩི་དཀར་དམར་དུ་གྱུར། ལས་བྱེད་མ་བཞིའི་གཏོར་མ། ཨ་ལས་བྱུང་བའི་ཐོད་པའི་སྣོད་ཀྱི་ནང་དུ་འབྲུ་གསུམ་ལས་བྱུང་བའི་བདུད་རྩིའི་ངོ་བོར་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུགགཏོར་མའི་བདུད་རྩི་དང་འདྲེས་པས་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་བདུན་གྱིས་བྱིན་གྱིས་བརླབས། སོ་སོའི་སྔགས་ཀྱི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པས་ཕུལ། སླར་ཡང་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡི་གེ་བརྒྱ་པ། མ་འབྱོར་པ་དང་སོགས་དང༌། ཁྱེད་ཀྱི་སེམས་ཅན་སོགས། བཛྲ་མུཿཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་དང་བཀྲ་ཤིས་སོགས་བྱའོ། །རང་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་དགེ་བ་བསྔོས་ནས་ཐུན་མཚམས་ལ་འཇུག མཆོད་བསྟོད་ལྷག་མ་རྣམས་གཙང་སར་དོར་རོ། །འདིའི་རྗེས་གནང་ཡང་རྟ་མགྲིན་ལྷན་སྐྱེས་ཀྱི་དེ་ཉིད་


TNT15_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པ་སྤོས་པས་རུང་བ་ལས་ཚོམ་བུ་ལྔ་འགོད། ཕྱག་མཚན་རྡོ་རྗེ་དང་པདྨ་ཉིད་འགོད། ཐུགས་ཀྱི་རྗེས་གནང་སྐབས། ཤེས་རབ་སྟོང་ཉིད་རྡོ་རྗེ་དང༌། །སྙིང་རྗེ་མ་ཆགས་པདྨ་དམར། །ཐབས་དང་ཐབས་བྱུང་ཟུང་དུ་འཇུག །ཡེ་ཤེས་ཐུགས་ཀྱི་དབང་ཐོབ་ཤོག །ཅེས་བརྗོད་པ་ཉིད་ཁྱད་པར་རོ། །སྒྲུབ་ཐབས་ཀུན༵་ལས་ཟབ་པོ་ཞེས། །གྲགས་པའི་དག༵འ་བས་ཡོངས་ཁྱབ་པ། །ཤྭ་ན་བཞི་བསྐོར་སྒོམ་པའི་ཐབས། སྙིང༵་པོ༵་ཙམ་ཞིག་བཀོད་འདི་མཚར། །ཞེས་པ་འདི་དཔལ་རྟ་མགྲིན་ཤྭ་ན་བཞི་བསྐོར་དུ་གྲགས་པའི་སྒྲུབ་པའི་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

རྟ་མགྲིན་དཔལ་གྱི་སྒྲུབ་པའི་ཐབས་མདོར་བསྡུས།


TNT15_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རིགས་སྔགས་རྒྱལ་པོ་རྡོ་རྗེ་འཛིན། །འཇིག་རྟེན་འཇིགས་བྱེད་ཕྱག་བཙལ་ནས། །རྟ་མགྲིན་དཔལ་གྱི་སྒྲུབ་པའི་ཐབས། །མདོར་བསྡུས་སྒྲུབ་པོའི་དོན་དུ་བྲི། །ཤཱུ་ནྱ་ཏའི་སྔགས་དོན་བསམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཤོ་ལོ་ཀ་གཅིག་བྱ། སྤྱི་བོར་ཟླ་བ་ལ་ཨོཾ། སྙིང་གར་ཉི་མ་ལ་ཨཱཿ ལྟེ་བར་པདྨ་ལ་ཧཱུཾ། དེ་རྣམས་ཀྱི་འོད་ཀྱིས་བདག་དང་ཁམས་གསུམ་གྱི་ལུས་ངག་ཡིད་གསུམ་དག་པར་བྱས། སྟོང་པའི་ངང་ལས་སའི་དཀྱིལ་འཁོར་གྲུ་བཞི་ཉེས་བརྩེགས་བསྣོལ་མའི་སྟེང་དུ་རི་རབ་དེའི་རྩེ་མོར་ཉི་མ་ལ་ཧཱུཾ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཨཱཿཧཱུཾ་དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་ཧཱུཾ་ལ་ཐིམ། ཡང་ཧཱུཾ་ཞེས་བརྗོད་པས། འོག་མིན་ནས་རྟ་མགྲིན་སྤྱན་དྲངས་ཏེ་ཐིམ་པ་ལས། རང་ཉིད་རྟ་མགྲིན་དམར་པོ་ཆེས་ཁྲོས་ཤིང་འཇིགས་པའི་སྐུ་ཅན། ཕྱག་


TNT15_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པས་རྡོ་རྗེ་འཕྱར་ཞིང༌། གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད་པས་རྡོ་རྗེས་མཚན་པས་དབྱུག་ཐོ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲིད་རྩེ་མན་གྱི་བགེགས་ཐམས་ཅད་གནོན་པ། དབུའི་སྟེང་དུ་རྟ་མགོ་ནག་པོ་ཅན། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། སྦྲུལ་དང༌། རུས་པ་དང་རིན་པོ་ཆེས་བརྒྱན་པ། ཡ་སོས་མ་མཆུ་མནན་ཞིང༌། ཧི་ཧིའི་སྒྲ་སྒྲོག་པ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་ཤིང༌། ནོར་རྒྱས་ལ་སོགས་ཀླུ་རྣམས་བཀའ་ནོད་པ། འོད་ཟེར་སྣ་ལྔ་དང༌། མེ་དཔུང་འཕྲོ་བའི་སྐུ་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །སྙིང་གར་སྔགས་འཁོར་གསལ་བཏབ་ལ། ཨོཾ་ཨཱཿཧཱུཾ་ཧ་ཡ་གྲྀ་ཝ་བཛྲ་ཀྲོ་དྷ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། འཇུག་ཏུ་དགེ་བ་བསྔོ། གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར། ཨཱ་ཀ་རོ་བཏགས་ལ་འབུལ། འདིའི་རྗེས་གནང་ནི། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་གཞན་རྣམས་དང་འདྲ་ཞིང༌། གཏོར་དབང་རེ་མཛད་པའི་ཕྱག་ལེན་གདའོ། །རྟ་རྟོག་པ་བདུན་བརྒྱ་བ་ཞེས་པའི། །རྒྱུད་ལས་བཏུས་པའི་སྒྲུབ་ཐབས་འདི། །ཀུན༵་ཏུ་དག༵འ་བ་བསྐྱེད་པ་དང༌། །སྙིང༵་པོ༵འི་དོན་རྟོགས་ཕན་ཡོན་ཆེ། །པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་རྟ་མགྲིན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

ཡེ་ཤེས་ཧ་ཡ་གྲྀ་ཝའི་སྒྲུབ་ཐབས།


TNT15_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྤྱན་རས་གཟིགས་དབང་ཁྲོས་པའི་སྐུ། །ཡེ་ཤེས་ཧ་ཡ་གྲྀ་ཝ་ལ། །གུས་པའི་ཡིད་ཀྱིས་བཏུད་བྱས་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས།


TNT15_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་རང་སེམས་ཧྲཱིཿདམར་པོ་ལས། རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག །རྩ་བའི་ཞལ་དམར་པོ། གཡས་ལྗང་བ། གཡོན་དཀར་བ། དབུ་གསུམ་གྱི་སྟེང་ན་རྟ་མགོ་ལྗང་ནག་གསུམ་མངོན་པར་འཕགས་ཏེ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོས་པས་ཚངས་པའི་འཇིག་རྟེན་ནས་དམྱལ་བ་ཡན་ཆད་མེའི་དྲ་གུར་གྱིས་ཁེབས་པར་མཛད་པ། སྤྱན་གསུམ་པ། ཞལ་གདངས་མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རལ་གྲི། གཡོན་གྱི་དང་པོ་སྡིགས་མཛུབ། བར་བ་ན་མདུང་ཐུང༌། ཐ་མ་ན་རྒྱུ་མའི་ཞགས་པ་བསྣམས་པ། ཞབས་བརྒྱད་ཀྱིས་པད་ཉིའི་སྟེང་དུ་སྦྲུལ་བརྒྱད་མནན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་ལྤགས་ཀྱི་ཤམ་ཐབས། མི་པགས་ཀྱི་གཡང་གཞི། གླང་ཆེན་གྱི་ཀོ་རློན། རུས་པའི་རྒྱན་དྲུག ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། སྦྲུལ་ནག་གི་ཆུན་པོ་རྣམས་ཀྱིས་བརྒྱན་པ། བསྐལ་པའི་མེ་ལྟ་བུའི་མེ་དཔུང་ཚ་བ་རྩུབ་པའི་ཀློང་དཀྱིལ་ན་བཞུགས་པ། མགྲིན་པ་མན་ཆད་ནས་བྱིན་པ་ཡན་ཆད་དུ་རང་དང་འདྲ་བའི་སྤྲུལ་པའི་ཁྲོ་བོ་གདུག་པ་ཅན་མ་རུང་པ་ཚར་གཅོད་པའི་རྣམ་པ་ཅན་དཔག་ཏུ་མེད་


TNT15_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཁྲབ་ཀྱི་བྱང་བུ་ལྟར་གཏམས་པ། དཔྲལ་བར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་སྟོད་དུ་ཉི་མ་ལ་ཧྲཱིཿཕྱི་ནང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་སྤྲུལ་པའི་ཕོ་ཉ་དང་བཅས་པས་ཁྱབ་པར་བསམས་ལ། ཨོཾ་ཧྲཱིཿཔདྨ་ཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་མང་བཟླ། འཇུག་ཏུ་སྙིང་པོའི་མཐར། ཁཾ་རཀྵ་ས་མཱ་ཡ་ཛཿ ཁཾ་རཀྵ་ས་མཱ་ཡ་བྷྱོཿ ཁཾ་རཀྵ་ས་མཱ་ཡ་བཟློགཁཾ་རཀྵ་ས་མཱ་ཡ་གཏུབས། ཁཾ་རཀྵ་ས་མཱ་ཡ་བྱེར། ཁཾ་རཀྵ་ས་མཱ་ཡ་རྦད། ཁཾ་རཀྵ་ས་མཱ་ཡ་རྦུད། ཁཾ་རཀྵ་ས་མཱ་ཡ་རྦད་རྦུད་ཕཊ་ཡ་འབྱུང་པོ་མཱ་ར་ཡ་ཛ་ཛཿ ཞེས་པ་བཏགས་པ་དང༌། ཨོཾ་བཛྲ་དུན་བྷྱོཿཏིག་ནན་ཛཿཛཿ ས་མཱ་ཡ་སྟྭཾ། ཞེས་པའང་བཏགས་ལ་ལན་ལྔ་ཙམ་བཟླའོ། །འཇུག་ཏུ་དགེ་བའི་རྩ་བའི་བྱང་ཆུབ་ཏུ་བསྔོའོ། །གཏོར་མ་བསྔོ་བར་འདོད་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་ཤ་ལྔ་བདུད་རྩི་ལྔ། ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་དགྲ་བགེགས་ཐམས་ཅད་བཀུག་རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་ཚར་བཅད་པའི་ཤ་ཁྲག་གི་ཕུང་པོ་གཏོར་མ་དང་གཅིག་ཏུ་འདྲེས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ སྙིང་པོའི་མཐར། ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷཉྫ་ཧོ། རཀྵ་པི་ཝ་ཏོ་ས་མ་ཡ་སྭཱཧཱ། ཞེས་གསུམ་མམ་བདུན་ལ་སོགས་པས་ཕུལ། ཨོཾ་ཧ་ཡ་གྲྀ་ཝ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུངས། །ཆོས་རྗེ་འོད་དཔག་མེད་


TNT15_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་དབང་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཕྲིན་ལས་བཅོལ། རྗེས་ཀྱི་ཆོ་ག་གཞན་སྤྱི་དང་འདྲའོ། །འདིའི་རྗེས་གནང་བྱེད་ཚུལ་ནི། སྟེགས་བུའི་སྟེང་དུ། ཆོས་འབྱུང་དམར་པོ་གྲུ་གསུམ། མཐའ་ཟླུམ་བསྐོར། གྲུ་བཅད་ལྗང་ཁུ། དབུས་སུ་ཉི་གདན་ལ་ཚོམ་བུ་དམར་པོ། དེའི་སྟེང་དུ་མཉྫི་ལ། གཏོར་མ་དམར་པོ་ནོར་གཟུགས་རྩེ་མོར་རྟ་མགོས་མཚན་པ་ཞིག་བཀོད། མདུན་དུ་མཆོད་གཏོར་སྨན་དང་རཀྟ་སོགས་བཤམས། བགེགས་གཏོར་བཏང༌། མཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་བསྐྱེད་བཟླས་པ་དང་བཅས་པ་སོང་ནས། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། ཞེས་སྨན་མཆོད་བྱིན་གྱིས་བརླབས། ཨོཾ་མཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུཾ་ཧྲཱིཿཋ། ཞེས་རཀྟ་བྱིན་གྱིས་བརླབས། སྟོང་པར་སྦྱངས་པ་ནས་ཉི་མ་ལ་ཧྲཱིཿ ཞེས་པ་ཡན་ཆད་གོང་བཞིན་མདུན་དུ་བསྐྱེད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། གཏོར་མ་གོང་ལྟར་བྱིན་གྱིས་བརླབས། ཧ་ཧོ་ཧྲཱིཿ གཞུག་ཏུ། ཨོཾ་མཧཱ་བ་ལིང་ཏ། ཏེ་ཛོ་བ་ལིང་ཏེ། བ་ལ་བ་ཏེ། གུ་ཧྱ་སིདྡྷི་ས་མ་ཡ་ཧཱུཾ་ཧྲཱིཿཋ། ཞེས་བྱིན་གྱིས་བརླབས། གཏོར་མ་བྱིན་རླབས་འདི་གོང་སྨན་རག་གི་སྔོན་དུ་བྱས་ཀྱང་རུང༌། གོང་བཞིན་གཏོར་མ་དང་ཕྱི་མཆོད་ཕུལ། ནང་མཆོད་སྨན་གཏོར་མ་ལ་བྲན། བནྡྷ་སྣོད་བཟང་ཡངས་པ་རུ། །རང་བྱུང་གདོད་ནས་རྣམ་དག་པ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཨ་ལ་


TNT15_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཏེ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་ཞེས་བརྗོད། རཀྟ་ནས་བྲན་ལ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༌། །ཧེ་རུ་ཀའི་གནས་བཅུ་ནས། །དཔལ་ཆེན་འཁོར་བཅས་སྤྱན་འདྲེན་གྱིས། །ཤ་ཁྲག་དམར་གྱི་རྒྱ་མཚོ་བཞེས། །ཨོཾ་ཨཱཿཧཱུཾ། ཞེས་བརྗོད། དེ་ནས་བསྟོད་པ་དང་འདོད་དོན་གསོལ་བཏབ་བྱས་ལ། བཟླས་པའང་ཅི་འགྲུབ་དང༌། སློབ་མའི་བྱ་བ་རྣམས་བདག་འཇུག་གི་ཚུལ་གྱིས་བླང་ངོ༌། །དེ་ནས་སློབ་མའི་མཎྜལ་འབུལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བ་བཏབ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། སོགས་བརྗོད། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། སྤྲོ་ན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང༌། གསོལ་གདབ་ཀྱང་བྱེད། བསྡུ་ན་མ་བྱས་ཀྱང་རུང༌། དེ་ལྟར་སྔོན་འགྲོ་ལྔའམ་གསུམ་འདམ་ཁ་ཡིན། དངོས་གཞི་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས། སློབ་མའི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་བསྲེགས། སྟོང་ཉིད་དུ་སྦྱངས། ཐུགས་ཀར་ཧཱུཾ་གི་བར་མངོན་རྟོགས་བཞིན་ཕོག །སློབ་མའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གསལ་བཏབ། ཡེ་ཤེས་པ་བསྟིམས་ལ་རོལ་མོའི་སྒྲ་བྱ། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་རྟ་མགྲིན་དཀར་པོ་སྤྲོས་ཏེ། སློབ་མའི་དཔྲལ་བའི་ཨོཾ་ལ་བསྟིམ། རོལ་མོའི་སྒྲ་བྱ། བུམ་དབང༌། དེ་བཞིན་དུ། མགྲིན་པ་ནས། དམར་པོ་བསྟིམ་སྟེ། གསང་དབང༌། སྙིང་ག་ནས་མཐིང་ག་བསྟིམ་སྟེ། ཤེར་དབང་ལྟེ་བ་ནས། ཁ་དོག་སྣ་ཚོགས་པ་བསྟིམ། དབང་བཞི་པའོ། །དེ་ནས་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་ཏེ། སྔགས་ཀྱི་བྱིན་གྱིས་བརླབས་པའོ། །དེ་ནས་གཏོར་དབང་སྤྱི་དང་མཐུན་པར་བྱས་ལ།


TNT15_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་འོད་དུ་ཞུ་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ། རྟ་མགྲིན་གྱི་སྐུ་གསུང་ཐུགས་སུ་ཞུ་ལུགས་སུ་བླུག་པར་གྱུར་པའི་མོས་པ་མཛོད། ཅེས་པ་ནི་སྐུ་དངོས་ཀྱི་བྱིན་གྱིས་བརླབས་པའོ། །རྗེས་གཙོ་བོས་ཇི་ལྟར་སོགས་དམ་ཚིག་གཟུང་བར་ཁས་བླངས། མཎྜལ་འབུལ། དེང་ནས་སོགས་ཀྱིས་ཡོན་འབུལ། དགེ་བ་བསྔོ། ཚོགས་ལ་ལོངས་སྤྱོད། མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས་བྱིན་གྱིས་བརླབས། མཆོད་བསྟོད་དང༌། གསོལ་བཏབ་བྱ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ། བཀྲ་ཤིས་རྣམས་བྱའོ། །རབ་མཆོག་མཁན་པོ་རྗེ་བཙུན་གྱིས། །སྒྲུབ་ཐབས་ཀྱིས་ཞེས་བཀའ་སྩལ་ནས། །པདྨ་དབང་གི་སྒྲུབ་ཐབས་འདི། །ཏཱ་ར་ནཱ་ཐས་བྱས་པ་ཡིན། །ཞེས་པའང་དཔལ་སྟག་ལུང་ཐང་དང་ཉེ་བའི་རྣམ་རྒྱལ་རབ་བརྟན་དུའོ། །སྒྲུབ་ཐབས་ཀུན༵་ནས་དག༵འ་བའི་ཕུལ། །རྟ་མཆོག་རོལ་བའི་སྙིང༵་པོ༵འི་དོན། །ཤིན་ཏུ་ཟབ་པ་པདྨ་ཡིས། །སྐྱེར་སྒང་པ་ལ་དངོས་སུ་གནང༌། །རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

རྟ་མཆོག་དཔལ་གྱི་སྒྲུབ་ཐབས།


TNT15_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། གདུག་པའི་ཀླུ་སོགས་ཚར་གཅོད་དང༌། །གང་ལས་དངོས་གྲུབ་རབ་མཆོག་ཀུན། །ཐོབ་འགྱུར་རྟ་མཆོག་དཔལ་གྱི་ནི། །སྒྲུབ་ཐབས་མན་ངག་མདོ་ཙམ་བཤད། །འདིར་རྟ་མགྲིན་ལྕགས་རལ་ཅན་དུ་གྲགས་པ་སྒོམ་པར་འདོད་པས་སྐྱབས་སེམས་སྔོན་དུ་སོང་བས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་དུ་མདུན་དུ་སྤྱན་དྲངས་བར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད།


TNT15_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་རྒྱུན་བཤགས་དང༌། ཚད་མེད་བཞི་སྤྱི་དང་མཐུན། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། ཧྲཱིཿཡིག་དམར་ནག་གི་འོད་ཟེར་འཕྲོ་འདུ་ལས། རང་ཉིད་བཅོམ་ལྡན་འདས་རྟ་མགྲིན་སྐུ་མདོག་མིག་སྨན་ལྟར་གནག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྤྱི་བོ་ནས་རྟ་མགོ་ལྗང་ཁུ་རྟ་སྐད་འདོན་པས་ཁམས་གསུམ་དབང་དུ་བསྡུད་པ། ཕྱག་གཡས་པས་རལ་གྲི་འཕྱར་ཞིང༌། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་དཔུང་འབར་བ། ཀླུ་རྒྱལ་རིགས་དཀར་པོས་དབུ་བརྒྱན། བྲམ་ཟེ་དམར་པོས་མགུལ་བརྒྱན། རྗེ་རིགས་སེར་པོས་ཕྱག་གདུབ། གདོལ་བ་ནག་པོས་ག་ཤ །དམངས་རིགས་སེར་ཁྲས་ཞབས་གདུབ་བྱས་པ། ཐོད་སྐམ་ལྔའི་དབུ་བརྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། དཔལ་གྱི་ཆས་བརྒྱད་ཡོངས་སུ་རྫོགས་པ། རུ་ཏྲ་ཕོ་མོ་བསྣོལ་བའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་。པའོ། །རང་གི་སྙིང་གར་ཧྲཱིཿདེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས་དབང་གི་ལྷ་ཐམས་ཅད་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། སྐུ་གང༌། དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་པས་དབུ་བརྒྱན། སྤྱི་བོར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་སྟོད་


TNT15_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཧྲཱིཿའི་མཐར་སྔགས་ཀྱིས་འཕྲེང་བས་བསྐོར། ཧྲཱིཿཔདྨ་ཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་སྙིང་པོ་དང༌། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་སརྦ་ཤི་ཏ་ཀ་ལ་མེ་དཔུང་གཏུབས། ཧ་ཧ་ནན། རྦད་རྦད་གཏུབས། ཤག་ཧ་ཧ་ནན། རྦད་རྦད་གཏུབས། གྲྀ་ཎ་རཱ་ཛ་ཡ་རྦད། མཱ་ར་ཡ་རྦད། ཅེས་དྲག་སྔགས་དང་སྦྱར་བ་གང་འགྲུབ་བཟླས། ཐུན་འཇོག་ཁར་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་འབུལ་བར་འདོད་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། འབྲུ་གསུམ་ལས་དམ་རྫས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། རྟ་མགྲིན་འཁོར་བཅས་སྤྱན་དྲངས། ཧཱུཾ་གཉིས་མེད་རང་བྱུང་དག་པའི་དཀྱིལ་འཁོར་ནས། །བརྗོད་མེད་ཆོས་དབྱིངས་དོན་གསལ་མ་གཡོས་ཀྱང༌། །དགྲ་བགེགས་གདུག་པ་འདུལ་བའི་དོན་སླད་དུ། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ འཇིག་རྟེན་རྣམ་པར་དག་པའི་དཀྱིལ་འཁོར་འདིར། །ཉི་ཟླ་པདྨ་བརྩེགས་པའི་ཁྲི་ཡི་སྟེང༌། །རུ་ཏྲ་ཞིང་ཆེན་བསྣོལ་བའི་གདན་སྟེང་དུ། །རྔམ་བརྗིད་ངར་དང་བཅས་ནས་བཞུགས་སུ་གསོལ། །ས་མ་ཡ་སྟྭཾ། ཨ་ཏི་པུ་ཧོ། ཞེས་བཞུགས་སུ་གསོལ་ཞིང་ཕྱག་འཚལ། ཧྲཱིཿཔདྨ་ཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཨི་དཾ་བ་ལིང་ཏ། ཁ་ཁ། ཁཱ་ཧི་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་མཾ་ས་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བ་སུ་ཏ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་


TNT15_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟའི་བར་གྱིས་མཆོད། ཧཱུཾ་གདུག་པ་འདུལ་མཛད་ཡེ་ཤེས་ལྷའི་སྐུ། སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་འདྲ། ཁམས་གསུམ་དབང་དུ་བསྡུད་པའི་རྟ་སྐད་འཚེར། །ཡེ་ཤེས་རོལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿ ཞེས་གཤེགས་སུ་གསོལ། སྨོན་ལམ་བཏབ་ཅིང་བཀྲ་ཤིས་བྱའོ། །འདིའི་རྗེས་གནང་ནི། མཎྜལ་ནག་པོ་གྲུ་གསུམ་ཚོམ་བུ་དང་བཅས་པའི་སྟེང་དུ། མཉྫི་ལ་གཏོར་མ་དམར་ནག་ནོར་གཟུགས་མ་ཞིག་འགོད། མཐར་མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་རླབས་བྱ། བདག་བསྐྱེད་བཟླས་པའི་བར་དུ་སོང་ནས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། ཐུགས་ཀར་ཧཱུཾ་གི་བར་བདག་བསྐྱེད་བཞིན་ལ་འདོན་པ་སྤོ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ་གདུག་པ་འདུལ་མཛད་སོགས་ཀྱིས་བསྟོད། བཟླས་པ་གང་འགྲུབ་བྱ། གཏོར་མ་བསངས་སྦྱངས་ནས། འདོད་འདོན་གསོལ་བཏབ་ཀྱི་བར་གཏོར་ཆོག་གོང་བཞིན་གྱིས་ཕུལ། སློབ་མའི་མཎྜལ་ཕུལ་ཞིང༌། གུར་ནས་འབྱུང་བའི་ཡན་ལག་བདུན་པ་བྱ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡི་དམ་དུ་འཚལ་གྱིས། སློབ་དཔོན་གྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ།


TNT15_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་སྤྱི་བོར་མེ་ཏོག་བཞག་སྟེ་སྭ་བྷཱ་ཝས་སྟོང་པར་སྦྱངས་བ་ནས། ཐུགས་ཀར་ཧཱུཾ་གིས་བར་བདག་བསྐྱེད་བཞིན། སློབ་མའི་སྤྱི་བོར་མེ་ཏོག་གཏོར་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །རྟ་མགྲིན་འདི་ལ་དབང་བསྐུར་ཅིག །དུས་འདི་ནས་ནི་བཟུང་གནས་སུ། །རྟ་མཆོག་གོ་འཕང་མ་ཐོབ་བར། །རྟག་ཏུ་ཡི་དམ་ལྷ་ཡིན་གྱི། །ཡི་དམ་ལྷ་རུ་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་པས། རྟ་མགྲིན་འོད་དུ་ཞུ། སློབ་མ་ལ་ཐིམ་པས། སྐད་ཅིག་གིས་རྟ་མགྲིན་དུ་གྱུར་པ་ནི། སྐུ་མདོག་ནས། བཞུགས་པའོའི་བར་བརྗོད། ཡེ་ཤེས་པ་བསྟིམ་ལུགས་སྤྱི་དང་འདྲ། རོལ་མོའི་སྒྲ་དང་བཅས་ཏེ་ཙ་ཀ་ལི་སྤྱི་བོར་བཞགསྐུའི་རྗེས་གནང་ངོ༌། །སྔགས་བྱང་ལག་ཏུ་གཏད་དེ་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་པ་ནི། གསུང་གི་རྗེས་གནང་ངོ༌། །ཕྱག་མཚན་བསྟིམ་པ་ནི། ཐུགས་ཀྱི་རྗེས་གནང་ངོ༌། །སྙིང་པོ་ལན་གསུམ་བཟླས་པའི་ཕུར་པ་ལག་ཏུ་གཏད་དེ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་སྐུ་གསུང་ཐུགས་གསུམ་དང༌། སློབ་མ་འདིའི་ལུས་ངག་ཡིད་གསུམ་ནུས་པ་མཉམ་པར་གྱུར་ཅིག །ཅེས་བརྗོད། འཕྲིན་ལས་ཀྱིས་རྗེས་གནང་ངོ༌། །གཏོར་དབང་སྤྱི་དང་མཐུན་པར་བྱ་སྟེ། ཡོན་ཏན་གྱི་རྗེས་གནང་ངོ༌། །རྗེས་ཀྱི་བྱ་བ་སོགས་ལྷག་མ་སྤྱི་དང་འདྲའོ། །བགེགས་ཀུན༵་འཇོམས་ཤིང་སྒྲུབ་པོ་ལ། །དག༵འ་བདེའི་དངོས་གྲུབ་སྟེར་བའི་ཕུལ། །རྟ་མགྲིན་ནག་པོ་སྒྲུབ་པའི་ཐབས། །ཟླ་རྒྱལ་དགོངས་དོན་སྙིང༵་པོ༵ར་དྲིལ། །ཞེས་པའང་དཔལ་རྟ་མགྲིན་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། རྟ་མགྲིན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དགུ་པའོ། །གཅིག་ཞུས། །


previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྟ་མགྲིན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དགུ་པ།next