Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  collapse section
སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཚེ་སྒྲུབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཅིག་པ།
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཚེ་སྒྲུབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཅིག་པ།next

སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཚེ་སྒྲུབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཅིག་པ།

ཚེ་དཔག་མེད་ཀྱི་སྒྲུབ་ཐབས།


TNT15_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་གི་མཚན་ཙམ་ཐོས་པས་ཀྱང༌། །འཆི་མེད་གནས་ལ་ཉེར་སྦྱོར་བ། །ཚེ་དཔག་མེད་ལ་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་རྨད་བྱུང་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། ཁ་ཤར་དུ་ཕྱོགས་ཏེ་རང་ཡི་དམ་གང་ཡང་རུང་བའི་ང་རྒྱལ་ལ་གནས་པས་རང་གི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་སེར་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ན་བཟའ་ཆོས་གོས་ངུར་སྨྲིག་རྣམ་གསུམ་གསོལ་བ། པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེ་ཡོངས་སུ་རྫོགས་པའི་སྐུར་གྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཚར་གཅིགཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་ཧཱུཾ་ཕཊ། ཞེས་ཉེར་ཅིག་བཟླས་ལ། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས་བདག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། རླུང་ཕྱིར་གསལ་བས་ལྷུང་བཟེད་ཁོལ། ནང་དུ་བརྔུབས་པའི་ཚེ་བདུད་རྩི་ལུད་པ་རྣམས་སྣ་སྒོ་ནས་ཞུགས་ཏེ་ལུས་ཐམས་ཅད་དང༌། ཁྱད་པར་སྙིང་གའི་རྩ་སྦུབས་གང་བར་བསམས་ཏེ། མཆིལ་མ་རེ་མིད་པ་ལན་བདུན་བྱ། དེ་ནས། ཨོཾ་ཨ་མ་ར་ཎི་ཛཱི་བཱནྟཱི་ཡེ་སྭཱཧཱ། ཞེས་པ་ཅི་ནུས་དང༌། ཚེ་གཟུངས་ཨོཾ་གཉིས་མ་ཉེར་གཅིག་ཙམ་བཟླས་པས། ཚེ་དཔག་མེད་འོད་དུ་ཞུ། སྤྱི་བོ་ནས་ཞུགས་པས་ལུས་ཐམས་ཅད་གང་བར་གྱུར། དགེ་བ་བསྔོ། འདིའི་བསྙེན་པ་བྱ་བར་འདོད་ན། ར་བ་བཞི་པོ་གང་རུང་གི་ཡར་ཚེས་གཟའ་སྐར་བཟང་བའི་ཐོ་རངས་ཤིག་ནས་འགོ་བརྩམས། ཁྲུས་བྱས། ཁ་ཤར་ཕྱོགས་སུ་བལྟས་ལ་བཟླའོ། །རྒྱུན་གྱི་ཉམས་


TNT15_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ལ་ཐོ་རངས་སྙིང་པོ་བརྒྱ་རྩ་རེ་བྱ། འཆི་ལྟས་བྱུང་ན་སྟོང་རྩ་རེ་བཟླས་པས་ཀྱང་དུས་མིན་གྱི་འཆི་བ་བཟློག་གོ་ཞེས་བཤད་དོ། །འདིའི་སློབ་མ་རྗེས་འཛིན་ལ་སྒོམ་ལུང་ཙམ་འབོགས་པའི་སྲོལ་ཡོད་པ་ནི་སྤྱི་དང་མཐུན། བུམ་ཆོག་བྱེད་ན། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དང་བཅས་པའི་དབུས་སུ། བུམ་པ་སྤྱི་དང་མཐུན་པར་བཀོད། གུ་གུལ་གྱིས་བདུག་ལ་བགེགས་གཏོར་བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བུམ་པ་བཾ་ལས་བྱུང་བའི་བདུད་རྩིས་གང་བའི་སྟེང་དུ། ཚེ་དཔག་མེད་སྔར་ལྟར་བསྐྱེད། བཟླས་པ་ཅི་ནུས་བྱས་པའི་མཐར་མཆོད་བསྟོད་བྱ། གསོལ་བ་བཏབ་ཅིང་དངོས་གྲུབ་བླངས་ལ། ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ཀྱིས་གསོལ་བཏབ་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། སློབ་མ་ཐ་མལ་གྱི་ང་རྒྱལ་ལ། མདུན་བསྐྱེད་དང་སློབ་དཔོན་དབྱེར་མེད་པ་ཚེ་དཔག་མེད་ཀྱི་ང་རྒྱལ་ལ་དམིགས་པ་ལས་བྱིན་རླབས་ལེན་པ་སོགས་དམིགས་པ་སྒྲུབ་ཐབས་དང་འདྲ་བར་ཕོགཁྱད་པར་ནི་འདིར་ཡན་ལག་བདུན་པ་མི་དགོས། རླུང་བརྔུབས་པའི་ཚེ་བུམ་ཆུ་རེ་སྦྱིན། བཟླས་པ་དཔོན་སློབ་གཉིས་ཀར་ལྷན་དུ་བྱེད། ཚེ་དཔག་མེད་སྤྱི་བོར་ཐིམ་པའི་སྐབས་སྤྱི་བོར་བུམ་པ་འཇོག་ཅིང༌། བུམ་ཆུ་གཏོར་བ་རྣམས་ལག་ལེན་ཡིན། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་དང་སྤྱི་དང་འདྲའོ། །གྲུབ་པའི་རྒྱལ་མོ་གསུང་ཀུན༵་ནས། །རས་ཆུང་སྙན་དུ་དག༵འ་བས་བརྒྱུད། །བུར་སྒོམ་ཞལ་གདམས་སྟག་ལུང་པའི། །སྙིང༵་གི་གདམས་པ་གསལ་པོ༵ར་བྲིས། །རས་ཆུང་པའི་ལུགས་ཚེ་དཔག་མེད་སྤྲུལ་སྐུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

ཚེ་དཔག་མེད་རྡོ་རྗེ་གདན་པའི་མན་ངག


TNT15_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་ཀུན་ལས་ཆེས་ལྷག་པའི། །ཐུགས་རྗེས་འགྲོ་བའི་སྡུག་བསྔལ་སེལ། །ཚེ་དཔག་མེད་ལ་གུས་བཏུད་ནས། །རྡོ་རྗེ་གདན་པའི་མན་ངག་བྲི། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། པད་ཟླའི་གདན་ལ་རང་སེམས་བྷྲཱུཾ་ལས་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། དབང་བསྐུར་རྒྱས་བཏབ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཛྙཱ་ན་སཾ་བྷ་རོ་བྷ་ཙི་ཏེ་ཀ་རི་ཎ་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། མདུན་བསྐྱེད། གཏོར་ཆོག་རྗེས་གནང་རྣམས་ནི། སྒྲུབ་ཐབས་བརྒྱ་རྩའི་ཆོ་ག་ཉིད་སྦྱོར་བ་ཡིན་ལ། བུམ་ཆོག་བྱེད་ན། བུམ་པ་སྒྲུབ་ཚུལ་སྤྱི་དང་འདྲ་ཞིང༌། བུམ་པ་གཉིས་འཆའ། གཅིག་ཏུ་རྒྱལ་བ་ཚེ་དཔག་མེད་དང༌། གཉིས་པར་རྡོ་རྗེ་གནོད་སྦྱིན་གཡས་རྡོ་རྗེ་མཆེ་བ་འཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། གཡོན་བརྐྱང་གིས་བཞུགས་པ་ཞིག་བསྐྱེད། དེ་ལ་སྔགས་ཀྱང་ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད་ཧཱུཾ་ཕཊ། ཅེས་བཟླ། སློབ་མའམ། ནད་པ་ལ་བུམ་མཆོག་གི་བྱིན་རླབས་བྱེད་ན། ཐོག་མར་བགེགས་སྦྱངས་པ་དང༌། སྡིག་པ་སྦྱང་བ་བྱ། དེ་ནས་རྡོ་རྗེ་གནོད་སྦྱིན་བསྐྱེད་པའི་བུམ་པ་དེས་བཀྲུས་ཤིང་བྱབས་སྲུང་ཀྱང་བྱ། དེ་ནས་བཀྲ་ཤིས་བརྗོད་ཅིང༌། སླར་བུམ་པ་གཉིས་པ་དེས་དབང་བསྐུར་ཞིང༌། ལྷ་དབང་བསྐུར་བའི་དམིགས་པ་ལྟར་བསྒོམ་དུ་བཅུག སྦྱིན་པའི་སྟོབས་


TNT15_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སངས་རྒྱས་ཡང་དག་འཕགས། །སོགས་ཤོ་ལོ་ཀ་རེ་རེའི་མཐར། སྙིང་པོ་རེ་བརྗོད་ཅིང་དབང་བསྐུར། རྒྱལ་སྲིད་སྣ་བདུན་དང༌། བཀྲ་ཤིས་རྫས་བརྒྱད་སོགས་ཀྱིས་ཤེས་པ་བརྗོད། རྗེས་གནང་དང་སྤྲགས་ཏེ་བྱེད་ན། རྒྱུན་བཤགས་སོང་མཚམས་སུ་འདི་རྣམས་བྱེད་པ་ཡིན། འདི་ལ་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་སློབ་རྒྱུད་འགའ་རེའི་ཡི་གེ་ན། ཚེ་དབང་ལྷ་གཅིག་བུམ་གཅིག་གི་དམིགས་པ་ཕལ་ཆེར་དཀྲུགས་ཏེ་འདི་ལ་སྦྱར་ཡོད་ནའང༌། བསྲེ་བསླད་ཁོ་ན་ཡིན་ནོ། །སྒྲུབ་ཐབས་འདིའི་ཁུངས་ནི་ངན་སོང་སྦྱོད་རྒྱུད་ཡིན་ཞེས་བླ་མས་གསུང༌། བརྒྱུད་པ་འདིའི་མོས་ཞེན་ཅན། །ཀུན༵་ལའང་རྒྱ་ཆེར་མ་གྲགས་མོད། །འཕགས་པས་མཛད་པའི་སྒྲུབ་ཐབས་ནི། །རབ་དག༵འ་སྙིང༵་པོ༵འི་རྗེས་སུ་འབྲང༌། །ཚེ་དཔག་མེད་བ་རི་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

རྒྱལ་བ་ཚེ་འཛིན་དབང་པོའི་སྒྲུབ་ཐབས།


TNT15_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ཀུན་གྱི་རྗེས་ཆགས་དངོས། །རྒྱལ་བ་ཚེ་འཛིན་དབང་པོའི་སྐུར། །སྟོན་མཛད་དེ་ལ་རབ་དང་བས། །ཕྱག་འཚལ་ནས་ནི་སྒྲུབ་ཐབས་བཤད། །སྐྱབས་སེམས་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། པཾ་ལས་པདྨ་ཨ་ལས་ཟླ་བ་དེའི་སྟེང་དུ་ཨོཾ་གྱི་འཕྲོ་འདུ་ལས། རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞི་བའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་དང་པོ་རྡོ་རྗེ་དཀར་པོ། གཡོན་དང་པོ་ཤེལ་གྱི་འཕྲེང་བ། འོག་མ་གཉིས་ཡུམ་ལ་འཁྱུད་ཚུལ་གྱི་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་པདྨ་ཀུན་དྷ་ལི་དམར་མོ་ཕྱག་དང་པོ་གཉིས་ཀྱིས་བྱི་རུའི་བགྲང་ཕྲེང་དང་དྲིལ་བུ་འཛིན་པ།


TNT15_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་གཉིས་ཀྱིས་ཡབ་ལ་འཁྱུད་པས་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པ། པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྤྱི་བོར་རྣམ་སྣང༌། མགྲིན་པར་སྣང་མཐའ། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་འབྱུང༌། གསང་བར་དོན་གྲུབ་རྣམས་རང་སྣང་གི་ཡུམ་དང་བཅས་པར་གྱུར། མི་བསྐྱོད་པའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཨོཾ། ཀླད་སྐོར་གྱི་དབུས་སུ་ཐིག་ལེ་དཀར་ལ་འཚེར་བ། ཉི་ཟླ་ཨཱ་ལི་ཀཱ་ལིའི་སྐུད་པས་བཅིངས་པ། བ་སྤུའི་སྒོ་ཐམས་ཅད་རྟ་མགྲིན་ཕྱག་གཉིས་པའི་གོ་ཆས་གཏམས་པ། ཡེ་ཤེས་པ་བསྟིམ་པ་དང་དབང་བསྐུར་རྒྱས་བཏབ་སྤྱི་དང་འདྲ་བ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན། དེ་ནས་བཟླས་དམིགས་གསལ་བཏབ་ལ། ཚེ་གཟུངས་ཨོཾ་གཉིས་མ་གང་ནུས་བཟླའོ། །རྗེས་མི་དམིགས་པར་བསམས་ལ་དགེ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་བསངས་སྦྱངས། ཨ་ལས་བྱུང་བའི་ཀ་པཱ་ལ་བཅུད་དང་བཅས་པ་མེ་རླུང་གི་སྦྱོར་བས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ལ་བསྟིམ། ཨོཾ་ཨཱཿཧཱུཾ་ཞེས་བྱིན་གྱིས་བརླབས། རང་གི་མདུན་དུ་རྒྱལ་བ་ཚེ་དཔག་མེད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨ་ཀཱ་རོ་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག །རྒྱལ་བ་ཀུན་གྱིས་རྟག་ཏུ་དགོངས་གྱུར་པའི། །འཕགས་པའི་ཚོགས་ཀྱིས་སྐྱེ་ཤི་གཅོད་པའོ། །སྐྱེ་དགུ་རྣམས་ཀྱི་སྐྱབས་གྱུར་བཅོམ་ལྡན་འདས། །དད་པས་བདག་ནི་རྟག་ཏུ་བསྟོད་ཕྱག་འཚལ། །ཞེས་བསྟོད།


TNT15_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དང་འཆི་ལས་རྣམ་གྲོལ་བའི། །འཆི་མེད་བདུད་རྩིའི་རྒྱ་མཚོ་དེ། །མཁའ་མཉམ་རྣམས་དང་ལྷན་ཅིག་ཏུ། །མྱུར་དུ་ཐོབ་པར་མཛད་དུ་གསོལ། ཞཻས་གསོལ་བ་བཏབ། ཡིག་བརྒྱས་ཁ་བསྐང༌། བཛྲ་མུཿ གཤེགས་སུ་གསོལ། འདིའི་བྱིན་རླབས་ཀྱི་ཆོ་ག་ནི། མཎྜལ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་རྣམ་པ་ཅན་ནམ། མ་འགྲུབ་ན་པདྨ་འདབ་བརྒྱད་ཞིག་བྲི། དེར་བུམ་པ་སྤྱི་དང་མཐུན་པར་བཤམ། མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་སྔོན་དུ་འགྲོ་བས་བསངས་སྦྱངས། བུམ་པ་སྤྱི་དང་མཐུན་པར་བསྐྱེད། བུམ་པའི་ནང་དུ་ལྷ་བསྐྱེད་པ་ནི། བདག་བསྐྱེད་ཀྱི་འདོན་པ་སྤོས་པས་འགྲུབ་ཅིང༌། མཐར་མཆོད་བསྟོད་གཏོར་མ་ཕུལ་ལ། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ་གྱིས་མཆོད་ཡོན་ཕུལ་བས་ཞུ་བར་མོས། སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། བྱང་ཆུབ་རྡོ་རྗེ་ལ་སོགས་གསོལ་གདབ་ལན་གསུམ། དངོས་གཞི་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་རྩ་ཨ་ཝ་དྷཱུ་ཏཱི་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་ཡོད་པར་མོས་ལ། བུམ་པ་འདི་ཉིད་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པར་གྱུར་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པར་སྒོམས་ཤིག་ཅེས་བརྗོད་ལ་བུམ་པ་སྤྱི་བོར་བཞགཡབ་ཡུམ་སྙོམས་པ་ཞུགས་པའི་བྱང་ཆུབ་ཀྱི་སེམས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར་པ། སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས། སྨིན་མཚམས་ཡན་ཆད་གང༌། བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང༌། གསང་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་


TNT15_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། ལུས་ཐམས་ཅད་གང་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་དྲི་མ་བག་ཆགས་དང་བཅས་དག་པར་མོས་མཛོད། ཅེས་བརྗོད་དེ་བུམ་ཆུ་སྦྱིན། དེ་ནས་མངོན་རྟོགས་ཀྱི་དམིགས་པ་ཚང་བར་འབོགས། དབང་བསྐུར་གྱི་སྐབས་བུམ་ཆུ་སྤྱི་བོར་གཏོར། བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། སྤྲོས་པ་ལ་དགའ་བས་ཚེ་རིལ་ཚེ་ཆང་སྟེར་བའི་ལུགས་ཀྱང་གདའ། ཡིག་རྙིང་ན་མེད་པས་མ་བྱས་ཀྱང་ཆོག་གོ །སློབ་མའི་རྗེས་ཀྱི་བྱ་བ་དང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །འདི་ཡང་ལོ་རོ་རས་ཆུང་པའི། །གདམས་པ་ཟབ་མོར་ཀུན༵་དུ་གྲགས། །རི་བོ་ཆེ་བའི་ཡིག་ཚོགས་ལས། །རབ་དག༵འི་སྙིང༵་པོ༵་བྱུང་བ་ཡིན། །ཚེ་དཔག་མེད་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

འཆི་མེད་ཡེ་ཤེས་ཀྱི་དངོས་གྲུབ་འབྱུང་བའི་སྒྲུབ་ཐབས།


TNT15_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་ལས་འཆི་མེད་ཡེ་ཤེས་ཀྱི། །དངོས་གྲུབ་འབྱུང་བའི་སྒྲུབ་ཐབས་ནི། །རབ་ཟབ་འདིར་ནི་བྲི་བར་བྱ། །སྐལ་ལྡན་རྣམས་ཀྱིས་བླང་བར་བྱོས། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་སེང་ཁྲེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བ་ལ་གནས་པའི་རང་སེམས་འཆི་མེད་སྲོག་གི་ངོ་བོ་ཨ་དཀར་པོ། དེའི་འོད་ཀྱི་འཕྲོ་འདུས་ལས་རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་ཟླ་བ་ཆུ་ཤེལ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་གང་བའི་བུམ་པ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་རྫས་ཀྱི་ན་བཟའ་དང༌།


TNT15_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྒྱན་ཅན། མཚན་དཔེས་སྤྲས་ཤིང་འོད་འབར་བའོ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས། སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ནས། རྒྱལ་བ་ཚེ་དཔག་མེད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན། སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་ར་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་ཝཱ་ར་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། མཐར་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་པ་ར་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྐུ་ཚེ་དང༌། །ཡེ་ཤེས་དཔག་ཡས་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ། མི་རྟོག་པའི་ངང་དུ་མཉམ་པར་བཞགཐུན་འཚམས་སུ་སྐད་ཅིག་གིས་ལྷར་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབས་ནས་དགེ་བ་བསྔོའོ། །འདིའི་རྗེས་གནང་གི་བྱ་བ་ནི། སྒྲུབ་ཐབས་བརྒྱ་རྩ་དང་འདྲ་བ་ལས། མཎྜལ་པདྨ་འདབ་བརྒྱད་དཀར་པོ་འབྲི། རྡུལ་ཚོན་དཀར་པོའི་ཚོམ་བུ་བཀོད། གཏོར་བསྔོའི་སྐབས་ནམ་མཁའ་


TNT15_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། གཟུངས་རིང་གི་མཐར་ཨ་ཀཱ་རོ་བཏགས་པས་འབུལ། རྗེས་གནང་དངོས་ཀྱི་སྐབས། རྗེས་གནང་གི་གཞི་འགོད་པ་ལ། སྐུའི་རྗེས་གནང་དང༌། ལུང་གསུམ་ལ་གསུང་གི་རྗེས་གནང་དང༌། བྱིན་གྱིས་བརླབས་པ་ལ་ཐུགས་ཀྱི་རྗེས་གནང་གི་མིང་འདོགས་བསྒྱུར་བ་ཙམ་མཛད་དོ། །འདིའི་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་པ་དང༌། རྒྱལ་ཆེན་བཞིའི་གཏོར་བསྔོ་སོགས་བྱེད་པ་ནི། རང་འདོད་ཀྱི་གྲུབ་མཐའི་རྒྱས་བཀབ་ཙམ་ཡིན་གྱི། དེའི་རང་ལུགས་མ་ཡིན་ནོ། །མི་ཏྲའི་གདམས་པ་ཀུན༵་གྲགས་པ། །རབ་བྱུང་དག༵འ་བའི་སྒྲུབ་ཐབས་འདི། །སྙིང༵་ནས་ཉམས་སུ་ལེན་འདོད་ན། །རང་ལུགས་དྲང་པོ༵ར་སྒོམ་པར་བྱོས། །ཚེ་དཔག་མེད་དཀར་བོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

སྡིག་སྒྲིབ་མཐའ་དག་སྦྱོང་མཛད་གཙུག་ཏོར་རྣམ་རྒྱལ།


TNT15_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་གི་མཚན་ཙམ་ཐོས་པས་ཀྱང༌། །དུས་མིན་འཆི་བ་ཉེར་ཞི་ཞིང༌། །སྡིག་སྒྲིབ་མཐའ་དག་སྦྱོང་མཛད་པའི། །གཙུག་ཏོར་རྣམ་རྒྱལ་ལ་ཕྱག་འཚལ། །སྐྱབས་སེམས་སྔོན་དུ་འགྲོ་བས། སྤྲོ་ན་ཚོགས་ཞིང་སྤྱན་འདྲེན་དང༌། །ཡན་ལག་བདུན་པ་རྒྱས་པར་བྱ། མདོར་བསྡུ་ན་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་རང་བཞིན་སེང་ཁྲིའི་སྟེང་དུ་པདྨ། དེའི་སྟེང་དུ་ཁྲི་ཟླུམ་པོ་བང་རིམ་སུམ་བརྩེགས། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། སྟེང་དུ་རིན་པོ་ཆེའི་བྲེ། གདུགས་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དང༌། དར་གྱི་ལྡ་ལྡི་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །


TNT15_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་མ་གཙུག་གཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་སེར་བ། གཡོན་སྔོ་ཞིང་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ་ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོས་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྔ་ཡབ་དང་གཡོན་རྡོ་རྗེ་སྔོན་པོ་འཛིན་པ། གཙོ་འཁོར་གསུམ་གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་གཡོ་བ་གཡས་རལ་གྲི་འཕྱར་བ། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཕྱར་བ། ནུབ་ཏུ་དབྱུག་སྔོན་གཡས་དབྱུག་པ་འཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ཁ་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་ཅིང༌། སྤྱན་


TNT15_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང༌། སྦྲུལ་གྱི་རྒྱན་ཅན། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མའི་རིགས་ཀྱི་ལྷའི་བུ་གཉིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། དཔྲལ་བར་ཏྲཾ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨ་ལྗང་ཁུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གཙུག་གཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ དེ་བཞིན་དུ་སྦྱར་ཏེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ་གིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཤིང༌། བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དགཆུའི་ལྷག་མ་སྤྱི་བོར་ལུད་པ་ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང༌། ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་


TNT15_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། བཛྲ་ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་བསྟོད། །སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུཾ་ཡིག་བསྲུང་བྱ་སྔགས་འཕྲེང་དང་བཅས་པ་འཁོད་པར་གྱུར། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨཾ་ཨཿ བདག་དང་བསྲུང་བྱ་ལ་རཀྵ་རཀྵ་ཀུ་རུ་སྭཱཧཱ། ཞེས་ཅུང་ཟད་བཟླས་ནས། གཙོ་བོར་གཟུངས་རིང་ཉིད་བཟླའོ། །བཟླས་པ་ཚར་ནས། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་བསྟོད། ཡིག་བརྒྱ། འདོད་གསོལ། གཤེགས་གསོལ་རྣམས་བྱས་ནས། དགེ་བ་བསྔོས་ལ། ཐུན་མཚམས་ལ་འཇུག །གཏོར་མ་དཀར་གཏོར་ཞིགཨོཾ་བཛྲ་ཡཀྵ་ཧཱུཾ་གིས་བསངས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ་ཀྱིས་སྦྱངས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས། གཟུངས་རིང་ཚར་གཅིག་གི་མཐར། ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་རེ་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་ལན་བདུན་གྱིས་ཕུལ། གོང་བཞིན་མཆོད་བསྟོད་བྱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ། བཀྲ་ཤིས་རྣམས་བྱའོ། །འདིའི་རྗེས་གནང་གི་བྱ་བ་ནི། སྒྲུབ་ཐབས་བརྒྱ་རྩ་དང་འདྲ་བ་ལས། མིང་འདོགས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་ཐ་སྙད་དང༌། སློབ་མ་འགའ་ཞིག་གི་དོན་དུ་འགྱུར་ན། བདག་མདུན་


TNT15_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་བར་དུ་བུམ་པ་སྒྲུབ་ཅིང་རྗེས་གནང་གི་ཐོག་མཐའ་གང་རུང་དུ་བཀྲུ་བྱབས་སྲུང་གསུམ་བྱེད་པ་ནི་ཁྱད་པར་རོ། །བུམ་པའི་ཆོ་ག་ནི་གཞན་དུ་འབྲི་བར་འགྱུར་རོ། །གཟུངས་འདིའི་སྒྲུབ་ཐབས་མང་ན་ཡང༌། །ཀུན༵་ལ་འདི་ཉིད་གྲགས་ཆེ་བས། །གཞན་ལ་ཕན་ཕྱིར་དག༵འ་བས་བྲིས། །འདུས་གསལ་སྙིང༵་པོ༵་ངོ་མཚར་རྨད། །རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

ཚེ་སྒྲུབ་ཀུན་གྱི་མཆོག་གྱུར།


TNT15_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཧེ་རུ་ཀ་དཔལ་ལྷ་མོར་བཅས། །དེ་བཞིན་རྩ་རྒྱུད་བླ་མ་ལ། །མཆོག་ཏུ་གུས་པས་བཏུད་བྱས་ནས། །ཚེ་སྒྲུབ་ཀུན་གྱི་མཆོག་གྱུར་བཤད། །སྐྱབས་སེམས་ཚད་མེད་བཞིན་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ས་གཞི། རྭ་གུར་བླ་བྲེ་མདའ་དྲ་མེ་དཔུང་དང་བཅས་པའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བ་དཀར་པོ་འོད་ཟེར་དམར་པོ་འཕྲོ་བའི་གདན་ལ་རང་སེམས་ཧཱུཾ་དཀར་པོའི་འཕྲོ་འདུ་ལས་ཕྱིར་བཟློག་མ་ཆེན་མོ་འཆི་མེད་རྡོ་རྗེ་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ཞིང་ན་བཟའ་དཀར་པོ་ཅན། ཞལ་བརྒྱད་རྩ་ཞལ་དཀར་པོ་ཁྲོ་ལ་འཛུམ་པའི་རྣམ་པ་ཅན། གཡས་སུ་སྔོ་དམར་སེར་བའི་ཞལ་གསུམ་དྲག་ཏུ་བཞད་པ། གཡོན་དུ་དམར་ལྗང་དུད་ཁ་ཆེར་ཁྲོས་པ། དེ་དྲུག་ཀའང་ཁྲོ་ཞལ། སྟེང་ཞལ་དཀར་པོ་ཞི་བ། ཞལ་ཐམས་ཅད་སྤྱན་གསུམ་པ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ། ལྷག་མ་རྣམས་ཀྱིས། ཞགས་པ་རལ་གྲི་དགྲ་སྟ་ལྕགས་ཀྱུ་དང༌། །མདའ་དང་ཐོ་བ་འཁོར་ལོ་གཡས་པ་ན། །སྡིགས་མཛུབ་བུམ་པ་མདུང་དང་ཐོད་པ་དང༌། །གཞུ་དང་ཁ་ཊྭཱཾ་སྐྱབས་སྦྱིན་གཡོན་པས་སོ། །པད་ཟླ་ལ་གཡས་བརྐྱང་གི་སྟབས་ཀྱིས་བདུད་དང་དབང་ཕྱུག་ལ་སོགས་པ་བགེགས་ཐམས་ཅད་མནན་པ། ཕྱག་རྒྱ་ལྔ་


TNT15_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཙུག་གི་ནོར་བུ་དང༌། ཐོད་སྐམ་དང་མགོ་འཕྲེང་དང༌། སྟག་ལྤགས་ལ་སོགས་པས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། ཐུགས་ཀར་ཟླ་བ་དམར་སྐྱ་ལ་ཧཱུཾ་དང༌། དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་སེམས་དཔའ་དང་དབང་གི་ལྷ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རང་ལ་ཐིམ། ཇི་ལྟར་བལྟམས་པ་ནས་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡུམ་ཅན་གྱིས་དབུ་བརྒྱན། ཨོཾ་ཨ་མྲྀ་ཏ་སན་ཛ་ཝ་ནི། མཧཱ་ཨ་མྲྀ་ཏེ་ས་མུ་ཁེ་ཛི་ཝཾ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་བཛྲ་པདྨ་ས་མ་ཡོ་གི་མ་ན་བོ་དྷི་ཙིཏྟ། པི་པ་ཐ་མུཏྟེ་ཧཱུཾ་ཧཱུཾ། ཨ་ཨ་ཨོཾ་ཨཱཿསྭཱཧཱ། ཞེས་ཅི་ནུས་སུ་བཟླ་ཞིང༌། ཁྲིའམ་འབུམ་ཕྲག་བཞི་བཟླས་ན་འཆི་བ་ངེས་པར་བཟློག་པ་སྟེ། ཨ་བྷི་དྷ་ན་ལས། འདི་ནི་ཁྲི་ཙམ་བཟླས་བྱས་ན། །འཆི་བ་ངེས་པར་འཚོ་བར་གྱུར། །དུས་མིན་འཆི་བ་ཞི་འགྱུར་ཞིང༌། །འཆི་བ་ལས་ནི་ངེས་པར་སློང༌། །ཞེས་གསུངས་སོ། འཇུག་ཏུ་ཨརྒྷཾ་ལ་སོགས་པས་མཆོད། ནང་མཆོད་བདེ་མཆོག་ལྟར་བྱིན་གྱིས་བརླབས་ནས་འབྲུ་གསུམ་གྱིས་མྱང༌། ཧེ་རུ་ཀའི་རིགས་བྱུང་བ། །རྡོ་རྗེ་གཙུག་གཏོར་ཆེན་མོ་ནི། །འཆི་བདག་བཟློག་མཛད་བདུད་རྩིའི་ཞལ། །ཕྱིར་བཟློག་ཆེན་མོ་ཁྱོད་ལ་འདུད། །ཅེས་བསྟོད། འདོད་དོན་གསོལ་བ་གདབ། ཡིག་བརྒྱ་བཟླས་ཏེ་ཕྱག་གཉིས་པའི་བར་དུ་བསྡུས་ལ། དགེ་བ་བསྔོ། གཏོར་མ་བདེ་མཆོག་ལྟར་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་སྲུང་འཁོར་ནས་དབུ་བརྒྱན་གྱིས་བར་གོང་བཞིན་བསྐྱེད་ལ། སྔགས་ཀྱི་མཐར་ཨི་དི་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།


TNT15_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་ཨཱ་ཡུར་སིདྡྷི་པྲ་ཡཙྪནྟུ་ཨོཾ་ཨཱཿཧཱུཾ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། ལྷག་མ་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོས། མཆོད་བསྟོད་འདོད་དོན་གསོལ་བཏབ་སོགས་སྤྱི་དང་འདྲའོ། །འདིའི་རྗེས་གནང་ནི་རྟེན་གཞི་ཆོས་འབྱུང་གི་ནང་དུ་པདྨ་དཀར་པོ་ལ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། བུམ་པ་བཅའ། རྗེས་གནང་སྒྲུབ་ཐབས་སྤྱི་དང་འདྲ། བུམ་པའི་ནང་དུ་སྔགས་ཀྱི་ཡིག་འབྲུས་གང་བར་མོས་ལ་བུམ་བཟླས་བྱ། རྗེས་གནང་དངོས་ནི། དོན་དམ་སྨྲ་བའི་སེང་གེ་སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། སྐུའི་རྗེས་གནང་སྤྱི་དང་འདྲ་བའི་རྗེས་སུ་བུམ་ཆུས་དབང་བསྐུར་ཞིང༌། མངོན་རྟོགས་ལྟར་དབང་བསྐུར་བའི་དམིགས་པའང་འབོགས། གསུང་གི་རྗེས་གནང་སྤྱི་དང་འདྲ། ཐུགས་ཀྱི་རྗེས་གནང་ལ། སྤྱི་བོར་ཧཾ་ནམ་མཁར་ཟླ་བ་ལ་གནས་པའི་ཁ་ཊྭཱཾ་གའི་དབྱུག་པའི་སྦོམ་སར་ཧཱུཾ། དེས་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་བཀུག་སྟེ། ཁ་ཊྭཱཾ་ག་ནས་བརྒྱུད་ནས། སློབ་མའི་ལུས་གང་བའི་དམིགས་པ་འབོགས། གཞན་སྤྱི་དང་འདྲ། ཚེ་སྒྲུབ་ཀྱི་ཚེ་ཡང་སྔགས་ཀྱི་འཁོར་ལོ་སྙིང་གར་བསྒོམས་ན་ཤིན་ཏུ་ཟབ་པར་འགྱུར་མོད་ཀྱི་གསལ་ཐེབས་དཀའ་བའི་ཕྱིར་འདིར་མ་བཤད་དོ། །རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་འདི། །སྔགས་འཆང་ཀུན༵་ལའང་ཆེས་དཀོན་ན། །གཞན་ལ་སྨོས་ཀྱང་ཅི་དགོས་པས། །ཐོས་ལ་དག༵འ་བས་སྙིང༵་པོ༵་ལོང༌། །བདེ་མཆོག་ལས། འབྱུང་བ་འཆི་མེད་རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཚེ་སྒྲུབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཅིག་པའོ། །དགེའོ།། །།


previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཚེ་སྒྲུབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཅིག་པ།next