Nitartha Digital Library
Tibetan
 
no previousབཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བསྟོད་པ།next

བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བསྟོད་པ།


TNT16_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བསྟོད་པ་བཞུགས།


TNT16_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟཱི། བདེ་ལེགས་ཕན་དང་བདེ་བ་ནི། ཀུན་གྱི་འབྱུང་གནས་རྒྱལ་བ་ལ། །གང་ཞིག་ཅུང་ཟད་དད་བྱེད་པ། །དེ་ལའང་ཕུན་ཚོགས་ཐམས་ཅད་འབྱུང༌། །རྨོངས་རྣམས་སྐལ་བ་དམན་པའི་ཕྱིར། །རྒྱལ་བ་ལ་ཡང་མོས་བྲལ་ཞིང༌། །དམ་པའི་ཆོས་ལས་ཕྱིར་ཕྱོགས་པ། །འདི་དག་བ་ལང་མངོན་སུམ་བཞིན། །བཟླས་བརྗོད་སྨྲ་བ་ཇི་སྙེད་པས། །ཡོན་ཏན་ལན་ཅིག་བརྗོད་པ་མཆོག །ཡང་ན་མི་སྨྲའི་བརྟུལ་ཞུགས་འཛིན། །སྨྲ་ན་འདི་ཉིད་སྨྲ་བར་ཤོག ཁམས་གསུམ་འདི་འམ་གཞན་དག་ན། ཁྱོད་དང་མཉམ་པའང་མ་མཆིས་ན། །ལྷག་པའི་དྲི་ཡང་ག་ལ་ཞིག །མཉམ་མེད་མི་མཉམ་མཉམ་ལ་འདུད། །དཔེ་གཞན་རྙེད་པར་མ་གྱུར་ནས། །རྣམ་གཟིགས་ལ་སོགས་དཔེར་བགྱིད་སྙམ། །ཁྱེད་དག་དེ་དག་ཡེ་ཤེས་ཀྱི། །སྐུ་དབྱེར་མེད་པས་དཔེ་མ་རྙེད། །འགྲོ་ཀུན་ཕན་བདེར་འགོད་པའི་བྱམས་པ་དང༌། །སྡུག་བསྔལ་རྒྱུ་བཅས་ལས་སྐྱོབ་ཐུགས་རྗེ་ཅན། །ཉེ་རིང་མི་མངའ་བཏང་སྙོམས་ཚད་མེད་དེ། །ཚངས་པའི་གནས་བཞི་ལ་གནས་ཁྱོད་ལ་འདུད། །ཇི་ལྟར་བུ་གཅིག་གདུང་བའི་མ་བཞིན་དུ། །ནམ་ཡང་བརྩེ་བས་ཉིན་མཚན་དུས་དྲུག་ཏུ། །སྡུག་བསྔལ་འགྲོ་ལ་གཡེལ་བ་མེད་པར་


TNT16_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །ཐུགས་རྗེ་ཆེན་པོའི་སྤྱན་ལྡན་ལ་ཕྱག་འཚལ། །ཚིག་དང་དོན་དང་ངེས་ཚིག་མ་ལུས་ལ། །འགྲོ་བའི་མགོན་པོའི་སྤོབས་པ་ཟད་མི་ཤེས། །ཉོན་མོངས་སྤྱོད་བའི་སེམས་ཅན་ཀུན་འདུལ་བ། །མི་མཆོག་འདུལ་བའི་གཙོ་ལ་གུས་ཕྱག་འཚལ། ཁྱོད་ནི་རྟག་ཏུ་མཉམ་པར་འཇོག་མཛད་ཀྱང༌། །ལྷུན་གྲུབ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་གྱི་ཐེ་ཚོམ་གཅོད་མཛད་པ། །སྨྲ་བའི་སེང་གེ་ཁྱོད་ལ་ཕྱག་འཚལ་ལོ། །སེར་སྐྱ་གྲོག་མཁར་རྒྱས་པ་མེ་བཞི་འཇུག །སྣ་ཚོགས་བཤེས་གཉེན་གཤིན་རྗེ་མེ་ལ་སོགས། །ལོག་པར་སྨྲ་བའི་དྲི་མ་ཀུན་བཀྲུས་པ། །དྲང་སྲོང་ཆེན་པོ་དེ་ལ་གུས་པས་འདུད། །ཞི་བ་འཕྲོག་བྱེད་དབྱིག་གི་སྙིང་པོ་སོགས། །བྱེད་པོར་སྨྲ་རྣམས་ཤིན་ཏུ་རྨོངས་པའི་གནས། །སྟོང་ཉིད་ཆོས་ཀྱི་རྔ་བོ་ཆེ་བརྡུང་པ། །ལྷ་ཡི་ལྷར་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་ཆོས་ཀྱི་གཎྜིའི་སྒྲ་དབྱངས་ཀྱིས། །སྲིད་གསུམ་བདུད་རྩིའི་དགའ་སྟོན་འབོད་མཁས་པ། །སྔོན་མེད་དམ་ཆོས་རིན་ཆེན་གཏེར་གྱུར་པའི། །གཽ་ཏཾ་ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ། །བདག་དང་བདག་གིར་འཇིག་རྟེན་རྟོག་བྱེད་པ། །ཤེས་པར་སྨྲ་རྣམས་ལྟ་བའི་ཐིབས་པོར་ཆུད༌། །གང་དག་ཅིར་ཡང་གང་ཟག་མ་དམིགས་པས། །བདག་མེད་སེང་གེའི་སྒྲ་དབྱངས་སྒྲོག་ལ་འདུད། །ཆོས་རྣམས་ནམ་ཡང་རང་བཞིན་མ་མཆིས་ཀྱང༌། །རྒྱུ་འབྲས་ཚུལ་ལ་བསླུ་བ་མེད་པ་ནི། །མགོན་པོ་ཁྱོད་ཀྱིས་མཁྱེན་ཞིང་གཟིགས་ནས་བསྟན། །དབུ་མའི་ལམ་གྱིས་འགྲོ་བ་སྒྲོལ་ལ་བསྟོད། །ཡོད་མེད་དངོས་དང་དངོས་མེད་མཐའ་དབུས་སོགས། །ཕན་ཚུན་ལ་ལྟོས་བློ་ཡིས་བཏགས་པར་ཟད། །སྐྱེ་འགག་རང་གཞན་


TNT16_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་མ་དམིགས་ཞེས། །སྟོང་ཉིད་ཚངས་པའི་དབྱངས་ཀྱིས་སྟོན་ལ་འདུད། །མི་སྦྱིན་བྷ་ར་དྷྭ་ཛ་འོད་བསྲུངས་སོགས། །བྱེད་པོ་ཐ་དད་རྟོག་གེས་རྣམ་པར་བརྟགས། །རྒྱལ་ཁྱོད་སེམས་ཙམ་བྱེད་པོར་གཟིགས་ནས་སྟོན། །ཕྲ་ཞིང་རྟོགས་དཀའ་མཁྱེན་པ་ཁྱོད་ལ་འདུད། །ཐལ་བ་པ་སོགས་གདུང་བ་རྩོམ་ལ་དགའ། །འཇིག་རྟེན་རྣམས་ནི་འདོད་ལ་རྣམ་པར་འཆུམས། །མཐའ་གཉིས་སྤངས་པ་དབུ་མའི་སྤྱོད་པ་ཡི། །ལམ་སྟོན་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །འགྲོ་དང་འོང་བ་རྣམ་བྲལ་ཞིང། །ཆད་པ་མ་ལགས་རྟག་མ་ལགས། །མཆིས་དང་མ་མཆིས་མ་ལགས་པ། །སྐྱེ་མེད་སྐུ་ལ་ཕྱག་མཚལ་ལོ། །ཇི་ལྟ་བ་དང་ཇི་སྙེད་ཀུན། །དུས་གསུམ་ཡེ་ཤེས་གཅིག་ཁོ་ནས། །སྐད་ཅིག་གཅིག་ལ་མཁྱེན་མོད་ཀྱང༌། །དམིགས་པ་མི་མངའ་ཁྱོད་ལ་འདུད། །ཚད་མེད་འོག་མིན་ཞིང་མཆོག་ཏུ། །སྟོན་པ་མཐོང་ན་མི་མཐུན་མེད། །སྲས་མཆོག་ཐེག་ཆེན་དབང་བསྐུར་བས། །ཆོས་ཀྱི་དགའ་སྟོན་རྒྱུན་མི་འཆད། །འོན་ཀྱང་མ་ལུས་ཞིང་རྣམས་སུ། །གང་ལ་གང་གིས་འདུལ་བ་དེར། །དེ་དེའི་ཚུལ་དུ་སྟོན་མཛད་ཀྱང༌། །ལྷུན་གྲུབ་རྣམ་པར་རྟོག་མི་མངའ། །སྨོན་ལམ་དབང་གིས་འགྲོ་བ་ནི། །མོས་པ་དབང་པོ་ཁམས་ཐ་དད། །ཇི་བཞིན་མ་འཁྲུལ་དོན་མཛད་པ། །དམིགས་མེད་ཐུགས་རྗེ་ངོ་མཚར་རྨད། །རྣམ་མི་རྟོག་ལ་ཐུགས་རྗེ་ཆེ། །མ་རྟགས་[བརྟགས་]གཏང་སྙོམས་མི་མངའ་བ། །འགལ་བ་འདྲ་ལ་མི་འགལ་ཏེ། །རྒྱལ་བའི་ཡེ་ཤེས་ལ་ཕྱག་འཚལ། ཁྱོད་ནི་ཐུགས་རྗེའི་དབང་གྱུར་པས། །སྣ་ཚོགས་ཚུལ་དང་སྤྱོད་པ་བསྟན། །ཐོགས་མེད་དུས་ནས་བྱང་ཆུབ་ཀྱང༌། །ད་དུང་སྐྱེ་རབས་


TNT16_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཐར་སྟོན། ཁྱོད་སྔོན་ཉོན་མོངས་བཅས་ཚེ་ཡང། །རྒྱལ་སྲིད་བཙུན་མོ་མཛེས་མ་དང༌། །དབུ་དང་སྐུ་ཡང་གྲངས་མེད་སྩལ། །དེ་ཚེ་མཆོད་འོས་ཁྱོད་ལ་འདུད། །ལྷ་དང་དྲང་སྲོང་དབྱངས་ཅན་དང༌། །སེང་གེ་སྟག་དང་རི་བོང་སོགས། །འབྱུང་བ་བཞི་སོགས་འགྲོ་བ་ཡི། །ཉེར་འཚོ་ཀུན་ཏུ་སྤྲུལ་པར་མཛད། །གཟོ་ཡི་ལས་རྣམས་སྣ་ཚོགས་དང༌། །རིག་སྔགས་སྣ་ཚོགས་ཚུལ་ཡང་སྟོན། །དགེ་བ་ཅུང་ཟད་ཇི་སྙེད་པ། །དེ་ཀུན་མགོན་པོ་ཁྱོད་ཀྱི་མཐུ། །འཕྲིན་ལས་ཕ་མཐའ་མ་མཆིས་པ། །འདི་ལ་སུ་ཞིག་དཔྱོད་པར་སེམས། །ཤེས་རབ་མེད་ན་སྦྱིན་སོགས་གང༌། །ཐར་པར་འཇུག་པར་ནུས་མ་ཡིན། །བསོད་ནམས་ཚོགས་ནི་མེད་གྱུར་ན། །ཤེས་རབ་ཀྱིས་ཀྱང་མྱ་ངན་འདའ། །གང་ཞིག་ཚོགས་གཉིས་ཡོངས་རྫོགས་པས། །མི་གནས་མྱ་ངན་འདས་པ་བརྙེས། །ཕ་རོལ་ཕྱིན་དྲུག་ཡོངས་རྫོགས་པ། །མགོན་པོ་ཁྱོད་འདྲ་གཞན་མ་མཆིས། ཁྱོད་ཀྱི་འཁོར་གྱི་ཐ་ཆུང་ཡང༌། །འཇིག་རྟེན་གསུམ་གྱི་བརྒྱན་དུ་གྱུར། ཁྱོད་ཀྱིས་ཐབས་མང་ཡིད་བྱེད་དང༌། །དམིགས་པའི་ཁྱད་པར་ཀུན་བསྟན་ཀྱང༌། །འདི་ན་རྣམ་པར་མི་རྟོག་དང༌། །སོ་སོར་རྟོག་ལ་ཕན་ཚུན་སྨོད། ཁྱོད་སྔོན་བྱང་ཆུབ་དུས་མཐའ་ནི། །བློ་ལྡན་སུས་ཀྱང་མི་རྟོགས་མོད། །གྲངས་མེད་གསུམ་གྱིས་ཚོགས་རྫོགས་པའི། །ཚུལ་ཡང་ཕྱི་ནས་ཡང་ཡང་བསྟན། །ལམ་དང་ས་ལས་རབ་འདས་ཀྱང༌། །ས་བཅུ་སྒྲོད་པའི་ཚུལ་ཡང་སྟོན། །མེ་ཁྱེར་བྱེ་བ་ཁྲག་ཁྲིག་གིས། །ས་གཞི་རིར་བཅས་གསལ་མི་ནུས། །ཉིན་བྱེད་གཅིག་གིས་ཀུན་གསལ་ལྟར། །འཕགས་དང་བྱིས་པའི་བསོད་ནམས་ཁྱད། །མཐའ་ཡས་རྒྱུ་ལས་སྒྲུབས་པ་ཡི། །སྐུ་ཡང་ཡོན་ཏན་


TNT16_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད། །མཚན་དང་དཔེ་བྱད་རེ་རེ་ཡང༌། །བསོད་ནམས་ཡེ་ཤེས་དཔག་མེད་ལས། །མངོན་པར་སྒྲུབས་ན་ཆོས་ཀྱི་སྐུའི། །རྒྱུ་རྣམས་མཐའ་ཡས་ལྟ་ཅི་སྨཽས། །དགའ་ལྡན་གནས་ཀྱི་གཞལ་མེད་ཁང༌། །མཛེས་བྱེད་དམ་པ་ཏོག་དཀར་གྱུར། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །གཞོན་ནུ་རྒྱལ་ཚབ་ངེས་འབྱུང་དང༌། །དཀའ་བ་སྤྱོད་དང་བདུད་བཏུལ་དང༌། །བྱང་ཆུབ་ཚངས་པའི་འཁོར་ལོ་བསྐོར། །མི་གནས་མྱ་ངན་འདས་སྟོན་སོགས། ཁྱོད་ཀྱི་ཐབས་མཁས་འབའ་ཞིག་ལགས། །རྒྱུ་རྐྱེན་ལས་དང་རྣམ་སྨིན་མོས་པ་ཁམས། །དབང་པོ་ལམ་དང་བསམ་གཏན་སྔོན་གྱི་གནས། །ཕྱི་མའི་དུས་དང་ཟག་པ་ཟད་མཁྱེན་པས། །སྟོབས་བཅུས་བདུད་བཞི་འཇོམས་པར་མཛད་ལ་འདུད། །ཆོས་རྣམས་ཀུན་ལ་མཁྱེན་པའི་སྣང་བ་རྒྱས། །གེགས་རྣམས་དང་ནི་ལམ་དང་འགོག་སྟོན་ལ། །སྲིད་གསུམ་འདི་ན་རྒོལ་བའི་གནས་མ་མཆིས། །མི་འཇིགས་བཞི་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་ལམ་མ་འཁྲུགས་ཅ་ཅོ་མི་མངའ་ཞིང༌། །དྲན་པ་མ་ཉམས་རྟག་ཏུ་མཉམ་པར་བཞག །གདུལ་བྱའི་དོན་ལ་མ་བརྟགས་བཏང་སྙོམས་མེད། །འདུན་དང་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན། །ཤེས་རབ་རྣམ་གྲོལ་ཡེ་ཤེས་ཉམས་མི་མངའ། །ཆགས་ཐོགས་མི་མངའ་དུས་གསུམ་ཅིག་ཅར་གཟིགས། །སྐུ་གསུམ་ཐུགས་ཀྱི་ཆོ་འཕྲུལ་འཕྲིན་ལས་ལ། །ཡེ་ཤེས་སྔོན་འགྲོ་རྗེས་སུ་འཇུག་པ་སྟེ། །མ་རིག་སྒྲིབ་འཇོམས་རྡོ་རྗེ་འཇིགས་བྲལ་བས། །སེང་གེ་དང་མཚུངས་མཁའ་ལྟར་མ་འདྲེས་ཆོས། །ཉན་ཐོས་རང་སངས་རྒྱས་ཀྱི་རྟོགས་དཀའ་བས། །འཕགས་པ་ཀུན་གྱིའང་བླ་མར་གུས་པས་འདུད། །ཞིང་ཀུན་སྒྲོད་མཛད་


TNT16_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྤྱོད་ཀུན་མཁྱེན། །ཐམས་ཅད་སྐད་ཀྱིས་འཆི་འཕོ་སྔོན་གྱི་གནས། །གཟིགས་ནས་ངེས་འབྱུང་མཁྱེན་པས་གཞན་ལ་འདོམས། །མངོན་པར་མཁྱེན་ནས་དོན་མཛད་ལ་ཕྱག་འཚལ། །སྤྱན་ལྔ་ལྡན་པས་བག་ཆགས་ཐམས་ཅད་སྤངས། །གཙང་མ་རྟོགས་པ་བདེ་བའི་སྐུ་བརྙེས་ཤིང༌། །དམ་པའི་བདག་ཉིད་རིན་ཆེན་གཏེར་མཚུངས་པ། ཁྱོད་ལ་རྟག་པར་སྙིང་ནས་ཕྱག་འཚལ་ལོ། །སྲིད་པ་ཐོག་མཐའ་སྨྲ་དང་རྒྱུ་མེད་དང༌། །བྱེད་པོ་དུས་སོགས་སྙིང་པོ་མེད་གཟིགས་ནས། །ཡན་ལག་བཅུ་གཉིས་རྟེན་འབྲེལ་ལས་དང་འབྲས། །སྡུག་བསྔལ་རྣམ་གྲོལ་རྒྱུ་བཅས་སྟོན་ལ་འདུད། ཁྱོད་གསུང་རྡོ་རྗེས་འཇིགས་ཚོགས་ལྟ་བའི་རི། །རྩ་བཅས་བཅོམ་ཞིང་འཁོར་བར་རྟག་འཁྱམས་རྣམས། །ཡན་ལག་བརྒྱད་ལྡན་འཕགས་པའི་ལམ་ལ་འཁྲིད། །ཆུ་བོ་ལས་སྒྲོལ་དེད་དཔོན་མཆོག་ལ་འདུད། །ཕྱིན་ཅི་ལོག་བཞིའི་རྒྱ་མཚོར་བྱིང་པ་རྣམས། །མི་གཙང་མི་རྟག་སྡུག་བསྔལ་སྟོང་པ་ཞེས། །དྲན་པ་འཇོག་བྱེད་བློ་གྲོས་གྲུར་བཅུག་ནས། །ཐར་པ་ནོར་བུའི་གླིང་དུ་སྒྲོལ་ལ་འདུད། །སྙོམས་འཇུག་དགུ་དང་རྣམ་ཐར་ཟིལ་གནོན་བརྒྱད། །ཟད་པར་བཅུ་ཐོབ་ཞུགས་འབྲས་མངོན་བྱས་པ། ཁྱོད་རྗེས་འཇུག་ན་བློ་བརྟུལ་རྣམས་ཀྱང་སྟེ། །ཞིང་གི་རྡུལ་སྙེད་དེ་རྣམས་ལ་ཕྱག་འཚལ། །རྒྱལ་བ་ལས་གཞན་རྣམ་དག་ལམ་སྟོན་པ། །དུས་རྣམས་ཀུན་ཏུ་ཡོད་པ་མ་ཡིན་པས། །སྐྱེ་བ་ཀུན་ཏུ་སྟོན་པ་གཞན་སྤངས་ནས། །སྐྱོབ་པ་ཁྱོད་ལ་རྟག་ཏུ་སྐྱབས་སུ་མཆི། །ཆུ་གཏེར་ཆེན་པོ་སྐྱལ་བ་ཡིས། །ཇི་ལྟ་བུར་ན་རྒལ་བར་བྱེད། །འདྲེན་པའི་ཡོན་ཏན་རྒྱ་མཚོ་ལ། །འདི་ལྟར་འཇུག་པའང་ག་ཞའི་རྒྱུ། །རྒྱལ་བའི་བསྟོད་པ་ནམ་མཁའ་ལ། །རྒྱལ་སྲས་མཁའ་


TNT16_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་འཇུག་མོད་ཀྱང༌། །བསྟོད་བྱེད་རང་ཉིད་ཆོག་ཤེས་ཀྱི། །བསྔགས་འོས་དག་གི་མཐའ་མ་མཐོང༌། །བདག་གིས་ཅུང་ཟད་བསྟོད་བྱས་པའང། རྨོངས་པས་མ་ཡིན་ཕྱོགས་ལྷུང་མིན། །བདག་ལ་དགོས་ཕྱིར་མ་ཡིན་ཏེ། །ཡོན་ཏན་ལྡན་ཕྱིར་དད་པས་བསྟོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །ཡོན་ཏན་རྒྱ་མཚོ་ཁྱོད་བསྟོད་མོད། །བསམ་པ་བླུན་པོའང་གུས་བསྟོད་པས། །དཔག་ཡས་ཆོས་ཀྱི་རྒྱལ་པོར་ཤོག །བདག་ལུས་ཞིང་རྡུལ་སྙེད་སྤྲུལ་ནས། །རྒྱལ་བ་རེ་རེའི་སྤྱན་སྔར་གནས། །རེ་རེའང་གདུང་དང་ལྕེ་དེ་སྙེད། །ཚིག་གི་བརྗོད་པའང་དེ་སྙེད་ཀྱིས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཡི། །གསུང་ལ་བདག་ཀྱང་རབ་འཇུག་པས། ཁྱོད་ལ་བསྟོད་ཅིང་བསྔགས་བགྱིད་ལ། །དེ་ཀུན་བདག་གིས་ཐོབ་པར་ཤོག །རྒྱལ་བ་ཀུན་གྱི་ཡོན་ཏན་དང༌། །རྒྱལ་བ་ཀུན་གྱི་འཕྲིན་ལས་དག །བདག་དང་མཐའ་ཡས་སེམས་ཅན་གྱིས། །རྒྱུན་མི་འཆད་པར་ཐོབ་གྱུར་ཅིག །ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་སྦྱར་བ་སྟེ་རང་ལོ་ཉེར་ལྔ་པ་ལའོ། །མངྒ་ལམ་བི་སྟཱར་ཀུ་རུ། །འགྲོ་ཀུན་ཕན་བདེའི་རྩ་ལག་ཟླ་མེད་པ། །རྒྱལ་བ་ཀུན་གྱི་གཙུག་ལག་ཁང་ཆེན་འདིར། །མགོན་པོ་ཁྱོད་ཉིད་བསྐལ་པར་བཞུགས་ནས་ཀྱང༌། །བདག་སོགས་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས།། །།ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧྭཱ།། མངྒ་ལཾ།། །།


no previousབཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བསྟོད་པ།next